འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་29ཉིན།

༄༅།།བསང་ཆུ་རྫོང་གི་ས་ཡོམ་ཁྲོད་མི་21ལ་རྨས་སྐྱོན་བཟོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་29ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་ཆུ་ཚོད་01དང་སྐར་མ་56ཐོག ཀན་སུའུ་ཀན་ལྷོ་བསང་ཆུ་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་35.10དང་། ཤར་གྱི་གཞུང་ཐིག་ཏུའུ་102.69)ཐོག་ཏུ་ས་ཡོམ་རིམ་པ་5.7བྱུང་བ་དང་། ཡོམ་གནས་ཀྱི་ཟབ་ཚད་ལ་སྟོང་སྨི་10ཡོད། ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པའི་བར། ཐེངས་འདིའི་ས་ཡོམ་གྱིས་མི་21ལ་རྨས་སྐྱོན་བཟོས་པ་དང་། མིག་སྔར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། དེའི་ཁྲོད་དུ་བསང་ཆུ་རྫོང་གི་མི་3དང་། གཙོད་གྲོང་ཁྱེར་གྱི་མི་18འདུག སྨན་ཁང་གིས་བརྟག་བཤེར་ངོས་འཛིན་བྱས་པར་བརྒྱུད། གཙོད་གྲོང་ཁྱེར་གྱི་རྨས་སྐྱོན་ཕོག་མཁན་3སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་ཤིང་། རྨས་སྐྱོན་ཚབས་ཆེན་མིན། གཞན་དག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མི་དགོས། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པའི་བར། ཐེངས་འདིའི་ས་ཡོམ་གྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ་13གྱི་དུད་ཁྱིམ་2097གྱི་མང་ཚོགས་ཀྱི་སྡོད་ཁང་ལ་རིམ་པ་མི་འདྲ་བའི་གཏོར་སྐྱོན་བཟོས་ཡོད་པ་དང་། དེའི་ཁྲོད་དུ་སྒོ་རའི་གྱང་ཞིག་པའི་དུད་ཁྱིམ་17དང་། སྡོད་ཁང་གས་སྲུབས་ཤོར་བའི་དུད་ཁྱིམ་2080འདུག ས་ཡོམ་གྱིས་གཙོད་གྲོང་ཁྱེར་གྱི་དུད་ཁྱིམ་788ཀྱི་མི་1975ལ་གནོད་རྐྱེན་བཟོས་པ་དང་། སྡོད་ཁང་གི་ཁང་མིག་1192ལ་སྤྱི་བཏང་རང་བཞིན་གྱི་གཏོར་བཤིག་བཟོས་ཏེ། གཞོགས་ཁང་5རྡིབ་ཅིང་། གསང་སྤྱོད་2རྡིབ་པ་དང་། དུད་ཁྱིམ་4ཡི་སྒོ་རའི་ར་བ་རྡིབ་འདུག 
    མིག་སྔར། ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། འགྲིམ་འགྲུལ་དང་། འཐུང་ཆུ་དང་། གློག དྲོད་རླངས། བརྡ་འཕྲིན་བཅས་མཁོ་འདོན་གྱི་རྨང་གཞིའི་སྒྲིག་ཆས་འཁོར་སྐྱོད་རྒྱུན་ལྡན་ཡོང་ཡོད།