མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་
ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་འབུལ་རྒྱུའི་ཡིག་ཆར་གྲོས་བསྡུར་བྱས་པ། ཀྲུང་གུང་
ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་25ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་10ཚེས་28ཉིན་ནས་ཚེས་31ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཀྱི་མ་ཟིན་གྱིས་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྙན་ཞུ་ལ་གསན་པ་དང་། ད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས། ཡིག་ཆའི་མ་ཟིན་དེ་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། 
     ཚོགས་འདུའི་ཐོག  ད་རེས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དེས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། བསམ་འཆར་རྒྱ་ཁྱབ་ངང་ཉན་པ། ས་ཁུལ་ཁག་དང་། སྡེ་ཁག་ཁག འབྲེལ་ཡོད་ཕྱོགས་ཁག་བཅས་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་གཏན་འབེབས་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་ཡོད་ཅིང་། གཏན་འབེབས་མ་ཟིན་གྱི་བརྗོད་བྱ་གསལ་པོ་དང་། གཙོ་གནད་འབུར་ཐོན། བྱེད་ཐབས་ནུས་ལྡན་བཅས་ཡིན་པའི་ངོས་འཛིན་བྱུང་ཡོད། དུས་མཚུངས་སུ་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་ཡོད་པས་ཁྱོན་ཡོངས་ནས་གསེད་བཀྲོལ་དང་། ཞིབ་འཇུག་གཏིང་ཟབ། བློ་བསྡུས་དགེ་འཚོལ་བཅས་བྱས་ཏེ་ཡིག་ཆ་ཡག་པོ་བཟོ་དགོས་པའི་ངོས་འཛིན་བྱུང་ཡོད།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་བཟུང་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཇེ་བརྟན་དང་། “གདེང་ཚོད་བཞི”བརྟན་སྲུང་། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་མངོན་གསལ་དོད་པོས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། རྨང་གཞི་སྲ་བརྟན་དང་། བཟང་ཆ་དར་སྤེལ། ཞན་ཆ་གསབ་པ། ཞན་ཚན་དྲག་བསྒྱུར་ལ་ཤུགས་རྒྱག་པ་དང་། མ་ལག་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ། མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འགན་ལེན་ནུས་ལྡན་འདོན་སྤྲོད་བྱ་དགོས། 
     ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི། རང་རེའི་ཏང་དབུ་བརྙེས་ནས་ལོ་100འཁོར་སྐབས། ཕྱོགས་ཁག་གི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། 2035ལོར་སླེབས་སྐབས། ཕྱོགས་ཁག་གི་ལམ་ལུགས་སྔར་བས་འཐུས་ཚང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གྱུར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱ་རྒྱུ་དེ་རེད། 
     ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་སྤེལ་དགོས་པ་དང་། ཚན་རིག་དང་མཐུན་པར་ཇུས་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། ཉེ་རིང་ཟུང་འབྲེལ། ཁྱོན་ཡོངས་ནས་སྐུལ་སྤེལ་བཅས་བྱེད་དགོས། རིམ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་གི་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་སྣེ་ཁྲིད་དང་། ལམ་ལུགས་ལག་བསྟར་གྱི་མིག་དཔེ་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་ངང་ལམ་ལུགས་ལ་གོང་བཀུར་བྱེད་པ་དང་། ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ལམ་ལུགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་བཅས་ལ་སྣེ་ཁྲིད་དགོས། 
     ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"