འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅༎ཤང་ཀང་གི“གཏུམ་སྤྱོད་ལ་ངོ་རྒོལ་དང་། ངོ་འགེབས་བཀག་འགོག ཁྱིམ་གཞིས་སྲུང་བ”ཞེས་པའི་དྲ་ཐོག་མཉམ་འབྲེལ་མིང་འགོད་ནང་ཉིན་10ལ་མི་གྲངས་ཁྲི25ལས་བརྒལ་བ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་20ཉིན། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལས་གྲུབ་པའི“ཤང་ཀང་སྲུང་སྐྱོང་བྱེད་པའི་མནའ་འབྲེལ་ཆེ་མོ”ཡིས། ཚོགས་པ་དེས་གྲོས་འགོ་བཏོན་པའི“གཏུམ་སྤྱོད་ལ་ངོ་རྒོལ་དང་། ངོ་འགེབས་བཀག་འགོག ཁྱིམ་གཞིས་སྲུང་བ”ཞེས་པའི་དྲ་ཐོག་མཉམ་འབྲེལ་མིང་འགོད་ནང་ཉིན་10ལ་གྲོང་མི་ཁྲི25ལས་བརྒལ་བ་ཞུགས་ཡོད་པ་ཁྱབ་བསྒྲགས་བྱས།
     “ཤང་ཀང་སྲུང་སྐྱོང་བྱེད་པའི་མནའ་འབྲེལ་ཆེ་མོས”ཟླ་འདིའི་ཚེས་10ཉིན་དྲ་ཐོག་མཉམ་འབྲེལ་མིང་འགོད་ཞེས་པ་བཏོད་ནས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། 《ངོ་འགེབས་བྱེད་མི་ཆོག་པའི་དཔེ་སྲོལ》ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་པ་རེད། ཚོགས་པ་དེས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་20ཉིན་བར་གྲོང་མི་ཁྲི་25ལྷག་ཙམ་མཉམ་འབྲེལ་མིང་འགོད་བྱེད་སྒོའི་ནང་ཞུགས་ཡོད་པ་དང་། གྲོང་མི་མང་པོ་ཞིག་གིས་ཟླ་བཞི་ལྷག་ཙམ་རིང་ཤང་ཀང་དུ་མི་ངན་གཏུམ་སྤྱོད་ཅན་གྱིས་གཏོར་བཤིག་ཚབས་ཆེན་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་སེམས་ཀྱི་གཏིང་ནས་འཁོན་འཛིན་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་རུ་ཁག་གིས་སྔ་ཙམ་གཏུམ་སྤྱོད་བཀག་འགོག་བྱས་ནས་ཤང་ཀང་གི་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སླར་གསོ་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་མངོན་པར་བྱས་པ་རེད།
     “ཤང་ཀང་སྲུང་སྐྱོང་བྱེད་པའི་མནའ་འབྲེལ་ཆེ་མོའི”བསྡུ་རུབ་པ་ཧོང་དབྱིང་ཧའོ་ཡིས་དྲ་ཐོག་མཉམ་འབྲེལ་མིང་འགོད་འདི་སྤེལ་བའི་དམིགས་ཡུལ་ནི་གཙོ་རྒྱུན་དམངས་འདོད་ཆེན་པོ་གཅིག་ཏུ་བསྡུས་ནས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་རུ་ཁག་གིས་གཏུམ་སྤྱོད་བཀག་འགོག་དང་མེད་པ་བཟོ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། མཉམ་འབྲེལ་མིང་འགོད་ལ་ཤང་ཀང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་ཐོབ་བ་དང་གྲོང་མི་མང་པོ་ཞིག་གིས་མནའ་འབྲེལ་ཆེ་མོའི་དྲ་ཚིགས་ཐོག་འཕྲིན་ལན་བཞག་སྟེ་འབྲེལ་ཡོད་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཆེ་གྲས་དེ་བས་མང་བ་སྒྲིག་འཛུགས་བྱས་ནས་ཤང་ཀང་སྤྱི་ཚོགས་ཀྱི་གཙོ་རྒྱུན་དམངས་འདོད་མཚོན་པར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། མཉམ་འབྲེལ་མིང་འགོད་ནང་ཞུགས་མཁན་གྲོང་མི་ཚང་མས་མཉམ་དུ་སྐད་གསང་མཐོན་པོས་གཏུམ་སྤྱོད་དང་། གཏོར་བཤིག ཁྲིམས་འགལ་བྱེད་སྤྱོད་མཐའ་དག་འཕྲལ་དུ་མཚམས་འཇོག་བྱས་ནས་གྲོང་མིར་བདེ་འཇགས་ཐོབ་པ་བྱ་རྒྱུའི་རེ་འབོད་བྱས་པ་རེད། གྲོང་མི་ཁ་ཤས་ཀྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཉེན་རྟོག་རུ་ཁག་ལ་ཐོན་ཁུངས་མང་དུ་བཏང་ནས་ཉེན་རྟོག་པ་མི་འདང་བ་དང་སྒྲིག་ཆས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།