འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཧྥ་རན་སེར་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཚེས་14ཉིན་ནས་ཚེས་17ཉིན་བར་ཧྥ་རན་སེར་འཚམས་འདྲིར་བསྐྱོད་པ་རེད། འཚམས་འདྲི་བྱེད་པའི་རིང་ལ། སྤེལ་རེས་ཚོགས་པས་ཧྥ་རན་སེའི་གྲོས་ཁང་གོང་མ་དང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་ཁག་ཅིག་དང་སྤེལ་རེས་བྱས་པ་དང་། ཡོ་རོབ་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ལ་འཚམས་འདྲི་བྱས་ནས། ས་གནས་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པ་རེད། 
     ཚོགས་པ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགྱུར་མེད་དབང་མཚོ་ཡིས་ཚོགས་གཙོའི་འགན་བཞེས་པ་དང་། ཚོགས་མི་ནི་པེ་ཅིང་དང་བོད་ལྗོངས་ཀྱི་ལས་བྱེད་པ་དང་། བོད་རིག་པའི་ཆེད་མཁས། བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་བཅས་འདུས་ཡོད། སྤེལ་རེས་ཚོགས་པས་སྔ་རྗེས་སུ་ཧྥ་རན་སེའི་གྲོས་ཁང་གོང་མ་དང་རྒྱལ་དམངས་གྲོས་ཚོགས་བཅས་ལ་འཚམས་འདྲི་བྱས་པ་དང་། ཧྥ་རན་སེའི་གྲོས་ཁང་གོང་མའི་གྲོས་མི་20ཙམ་ལ་བོད་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས་དང་། རིག་གནས་རྒྱུད་འཛིན་སྲུང་སྐྱོང་དང་དར་སྤེལ། ཆོས་ལུགས་དད་པ་རང་མོས་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོང་ཚོའི་དོ་ཁུར་བྱེད་པའི་བོད་འབྲེལ་གནད་དོན་ཐད་ཀྱི་དྲི་བར་ལན་བཏབ་ཅིང་། ཕན་ཚུན་གོ་ནོར་ཐེབས་པའི་གནད་དོན་ལ་གསལ་འགྲེལ་བྱས་པས། སྦ་གསང་མེད་པར་མཛའ་མཐུན་གྱི་སྒོ་ནས་སྤེལ་རེས་བྱས། 
    སྤེལ་རེས་ཚོགས་པས་ཧྥ་རན་སེའི་སི་ཐེ་ལ་སི་པའོ་ནས་ཡོ་རོབ་ཨུ་ཡོན་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་སྤྱི་ཁྱབ་སིའི་སི་ཀྲང་ཅི་ཡ་ཁུའུ་མོ་ཕུའུ་ལའོ་སི་དང་ཐུག་འཕྲད་བྱས་པ་དང་། ཀྲུང་གོས་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་ཐད་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཀྲུང་གོས་མི་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁེ་དབང་འགན་སྲུང་ཐད་ཀྱི་ཉམས་མྱོང་འགའ་རེ་ནི་ཡོ་རོབ་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་འོས་ཟེར། སི་ཐེ་ལ་སི་པའོ་གྲོང་ཁྱེར་གྱི་འགོ་འཛོན་གཞོན་པ་ནཱ་ཝེ་ལེ་ཡིས་གྲོང་ཁྱེར་གྱི་འགོ་འཛིན་གྱི་ཚབ་ཞུས་ནས་གྲོང་ཁྱེར་སྲིད་དོན་ཁང་ནས་སྤེལ་རེས་ཚོགས་པར་སྣེ་ལེན་བྱས་པ་དང་། ཀྲུང་གོའི་བོད་ལྗོངས་ལ་མཉམ་ལས་སྤེལ་རེས་བྱེད་པའི་རེ་བ་ཡོད་པ་བསྟན། 
     འཚམས་འདྲི་བྱེད་པའི་རིང་ལ། སྤེལ་རེས་ཚོགས་པས་ཧྥ་རན་སེའི་སྨྱན་སྦྱོར་གཙོ་བོའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་དང་། ཕ་རི་སིའི་གྲངས་གཞི་དང་བརྒྱུད་བསྒྲགས་ཚོང་ལས་སློབ་གླིང་གི་དགེ་སློབ་ཚོར་བོད་ལྗོངས་ཀྱི་ཕྱོགས་སོ་སོའི་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།