འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།ཐི་མོར་ཤར་མའི་ཕྱི་འབྲེལ་པུའུ་ཀྲང་པ་པོས། ཀྲུང་གོས་ཐི་མོར་ཤར་མའི་འཕེལ་རྒྱས་ཆེད་
ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལེང་ཧུའེ་དང་ཙུང་ཕིང་ཕིང་གིས།
     ཉེ་ཆར། ཐི་མོར་ཤར་མའི་ཕྱི་འབྲེལ་པུའུ་ཀྲང་པ་པོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཐི་མོར་ཤར་མའི་འཐབ་ཇུས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཀྲུང་གོས་ཐི་མོར་ཤར་མའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།
     པ་པོས་ཐི་མོར་ཤར་མ་དང་ཀྲུང་གོའི་དབར་མཛའ་གྲོགས་འབྲེལ་བ་ཟབ་མོ་ལྡན་ཡོད། ཀྲུང་གོ་ནི་གཞན་གྱི་སྔོན་ལ་ཐི་མོར་ཤར་མ་རང་བཙན་ཡིན་པ་ཁས་ལེན་བྱེད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཐི་མོར་ཤར་མར་རང་བཙན་བྱུང་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དངུལ་རྩ། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མི་སྣའི་དབར་སྤེལ་རེས་ཡག་པོ་རྒྱུན་འཁྱོངས་བྱས་ཡོད་ལ། ཀྲུང་གོས་ཐི་མོར་ཤར་མར་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད་ཅེས་བརྗོད་པ་རེད།
     པ་པོས་པེ་ཅིང་དང་ཀོང་ཀྲོའུ་སོགས་ཀྲུང་གོའི་གྲོང་ཁྱེར་ལ་འཚམས་འདྲི་བྱེད་མྱོང་བ་དང་། ཀྲུང་གོའི་གྲོང་ཁྱེར་འཛུགས་སྐྲུན་གྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་ཁོང་གིས་ཡིད་སྨོན་བྱེད་ཅིང་། ཁོང་གིས་ཀྲུང་གོས‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་ཡོད། ཐི་མོར་ཤར་མ་དང་ཀྲུང་གོ་གྲོགས་པོ་ཡག་པོ་ཡིན་པ་མ་ཟད། ད་དུང་མཉམ་ལས་བྱེད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་ཡིན། གྲོས་འགོ་འདི་འཛམ་གླིང་ས་གནས་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ནི་ཞི་བདེའི་གྲོས་འགོ་ཞིག་རེད། ང་ཚོས‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་དགའ་པོ་བྱེད་པ་དང་དགའ་བསུ་ཞུ་རྒྱུ་དང་འབྲེལ་དེའི་ནང་ཞུགས་འདོད་ཆེན་པོ་ཡོད། གྲོས་འགོ་འདིས་དེ་བས་ཞི་མཐུན་གྱི་འཛམ་གླིང་གཏོད་པ་དང་སྦྲགས་ཐི་མོར་ཤར་མའི་རང་ངོས་འཕེལ་རྒྱས་ལ་གོ་སྐབས་སྦྱིན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
     པ་པོས་སླད་ཕྱིན་རྒྱལ་ཁབ་གཉིས་པོས་སྣུམ་རླངས་དང་། ཞིང་ལས། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། ཐི་མོར་ཤར་མའི་སློབ་མ་མང་པོ་ཀྲུང་གོར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད་ཅེས་བརྗོད་པ་རེད།