འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎ཕྱི་འབྲེལ་པུས་རི་པིན་ཕྱོགས་ཀྱིས་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གི་
ཁས་ལེན་ལ་བརྩི་སྲུང་བྱེད་དགོས་པའི་སྐུལ་ལྕག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན། རི་པིན་གྱིས་རྒྱལ་བདེ་ལྷ་ཁང་གི་གནད་དོན་ཐད་དགེ་མཚན་མེད་པའི་བྱ་སྤྱོད་སྤེལ་བར་དམིགས་ཏེ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པའི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དེ་ཉིན་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པ་དང་། ནང་བློན་ཁང་གི་ཁོངས་མི་རེ་ཟུང་དང་རྒྱལ་ཚོགས་ཀྱི་གྲོས་མི་ཁག་གཅིག་གིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ཀྱི་རྒྱལ་བདེ་ལྷ་ཁང་གི་གནད་དོན་ཐད་ཀྱི་དགེ་མཚན་མེད་པའི་བྱ་སྤྱོད་ལ་དོ་སྣང་བྱུང་བས་རི་པིན་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་བྱས་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས“ངས་ནན་བཤད་བྱེད་དགོས་པ་ཞིག་ནི་རྒྱལ་བདེ་ལྷ་ཁང་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་མཛུལ་དམག་འཁྲུག་སློང་བའི་བསམ་པའི་ཡོ་བྱད་དང་མཚོན་རྟགས་ཤིག་ཡིན་ཞིང་། བཙན་མཛུལ་དམག་འཁྲུག་དེའི་ནང་ཉེས་པ་ཚབས་ཆེན་བསགས་པའི་ཉེས་ཅན་ཀ་པ་14དེའི་ནང་དུ་འཇོག་ཡོད”ཅེས་བརྗོད་པ་དང་། རི་པིན་ཕྱོགས་ཀྱི་སྲིད་ཕྱོགས་མི་སྣ་གལ་ཆེན་ཁག་གཅིག་གི་བྱེད་སྟངས་ཐོག་ནས་རི་པིན་ཕྱོགས་ཀྱིས་བཙན་འཛུལ་ལོ་རྒྱུས་ལ་འཛིན་པའི་ནོར་འཁྲུལ་གྱི་རྣམ་འགྱུར་སླར་ཡང་མངོན་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པའི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།