འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།2018ལོར་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་གྱི་བསྡོམས་འབོར་སྒོར་དུང་ཕྱུར་83415ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། 2018ལོར་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་གྱི་བསྡོམས་འབོར་སྒོར་དུང་ཕྱུར་83415ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ་དང་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་9.3%བཟུང་ཡོད་པ་རེད།
     དེ་ནི་གསར་འགོད་པར་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སྙན་ཞུ་2019ལོ》ཞེས་པ་ལས་ཤེས་རྟོགས་བྱུང་བ་ཞིག་རེད། སྙན་ཞུ་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རང་བྱུང་ཐོན་ཁུངས་པུས་ཧྲེན་ཀྲེན་དུ་འཚོགས་པའི་2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་དངོས་མང་སྟོན་ཚོགས་ཐོག་ཁྱབ་བསྒྲགས་བྱས་པ་ཞིག་རེད།
     སྙན་ཞུའི་ནང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པའི་འོག རང་རྒྱལ་གྱི་རྒྱ་མཚོའི་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱ་མཚོའི་ཐོན་ལས་གསུམ་པ་བརྟན་པོ་ཡོང་བ་བྱེད་པའི་ནུས་པ་དེ་བས་མངོན་གསལ་དོད་པོ་ཡོད། 2018ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་ལས་གསུམ་གྱི་འཕར་སྣོན་རིན་ཐང་4.4%དང་37.0% 58.6%བཅས་སོ་སོར་བཟུང་བ་དང་རྒྱ་མཚོའི་ཐོན་ལས་གསུམ་གྱི་གྲུབ་ཆ་ལོ་6བསྟུད་མར“གསུམ། གཉིས། གཅིག”བཅས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། རྒྱ་མཚོའི་ཐོན་ལས་གསུམ་པའི་འཕེལ་རྒྱས་ཀྱི་འཕེལ་ཤུགས་ཆེན་པོ་ཡོད་པས་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.1འཕར་བ་བཏོན་ཡོད་པ་རེད།
     གཞན་ཡང་རྒྱ་མཚོའི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་ནས་རྒྱ་མཚོའི་དཔལ་འབྱོར་ཕྱི་ལ་ཕྱོགས་པའི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད། རང་རྒྱལ་གྱིས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས་2018ལོར་རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་དང་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་མཚོ་འབྲེལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚོང་དོན་གྱི་དངུལ་འབོར་ལོ་གོང་མ་ལས་11.8%དང་14.9%སོ་སོར་འཕར་ཡོད་པ་རེད།