འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཏུང་དུམ་བུར་རླངས་འཁོར་
ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཅིས་ནན་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧྲན་ཏུང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཏུང་ཨ་ནས་ལའོ་ཁྲེང་བར་གྱི་དུམ་བུ་དང་། ཐའེ་ཨན་ནས་ཏུང་ཨ་བར་གྱི་དུམ་བུའི་རྨ་ཆུའི་ཟམ་ཆེན་ཚེས་16ཉིན་དངོས་སུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། དེས་ན་ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཏུང་གི་ས་ཁོངས་ཧྲིལ་པོར་ཤར་གཏོང་ཐུབ་ཡོད་པ་རེད།
     ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཏུང་ཨ་ནས་ལའོ་ཁྲེང་བར་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཧྲན་ཏུང་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། དུམ་བུ་དེ་ཧྲིལ་པོར་ལམ་ཚད་སྤྱི་ལེ་86.55ཡོད་པ་དང་། ཕྱོགས་གཉིས་ལ་འཁོར་ལམ་དྲུག་ཇུས་འགོད་བྱས་པ། ཆུ་ཚོད་རེར་སྤྱི་ལེ་120སྐྱོད་ཆོག་པ། ལམ་རིན་བསྡུ་ས་6དང་ཞབས་ཞུའི་ཁུལ་2བཙུགས་ཡོད་པར། རགས་རྩིས་བརྒྱབ་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་80.74བཏང་ཡོད་པ་རེད།
     ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐའེ་ཨན་ནས་ཏུང་ཨ་བར་གྱི་རྨ་ཆུའི་ཟམ་ཆེན་ལས་གྲྭའི་སྤྱིའི་རིང་ཚད་སྤྱི་ལེ་3.9ཟིན་པ་དང་། ཟམ་པ་ཨ་མ་ནི་ཉིས་ལྕོག་སྦྲེང་ཟམ་ཡིན་པར་མཐོ་ལྕོག་ཨ་མའི་མཐོ་ཚད་ལ་སྨི་140དང་། བར་ཞེང་ལ་སྨི་430ཡོད་པ། ཨར་འདམ་ལྕགས་རྩིབས་མའི་གདུང་མ་སྤྱད་པ་བཅས་ལས་དེ་ནི་མིག་སྔར་རྨ་ཆུའི་ཟམ་པ་འདྲ་འདྲའི་ཁྲོད་ནས་བར་ཞེང་ཆེ་ཤོས་ཀྱི་ཟམ་པ་ཞིག་རེད།
     ཧྲན་ཏུང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཆིང་ཏའོ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཏུང་གི་ས་ཁོངས་ཧྲིལ་པོར་ཤར་གཏོང་ཐུབ་པ་དེས་ཧྲན་ཏུང་གི་དབུས་ནུབ་རྒྱུད་འཕེལ་རྒྱས་མྱུར་པོ་གཏོང་བ་དང་། ཧྲན་ཏུང་གི་མཚོ་འགྲམ་གྲུ་ཁའི་དཔལ་འབྱོར་ལྟེ་བའི་ཁུལ་རྒྱ་སྐྱེད་གཏོང་བ། རྒྱལ་ཡོངས་དང་ཧྲན་ཏུང་གི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་གཙོ་བོ་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ལམ་དྲ་བའི་སྤྱི་ཡོངས་ཀྱི་ཕན་འབྲས་འདོན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།