མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་གི་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། འཛམ་གླིང་གི་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། 
     ཞི་ཅིན་ཕིང་གིས་དེང་སྐབས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་ཚན་རྩལ་དེ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྣོད་བཅུད་བཅས་དང་མཉམ་དུ་འཕེལ་རྒྱས་གཏིང་ཟབ་བཏང་བས་མིའི་རིགས་ཀྱི་ཤེས་དཔལ་རིམ་བཞིན་འཕེལ་འགྱུར་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཁག་གིས་དོ་ཁུར་བྱེད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཁ་ཤས་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཏུ་གྱུར་ཡོད་ཅེས་བསྟན་གནང་བ་རེད། (པར་ངོས་གཉིས་པར་གཟིགས)
     ཞི་ཅིན་ཕིང་གིས་ཀྲུང་གོས་སྔར་ནས་ད་བར་སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཟུང་འབྲེལ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད། རེ་བར་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་དང་། སློབ་གསོ་མཁས་ཅན། ཁེ་ལས་མཁས་ཅན་བཅས་ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། བསམ་བློ་སྤེལ་རེས། མཉམ་ལས་གཏིང་ཟབ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"