འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎ཐུར་ཁེའི་ཙུང་ཐུང་གིས་ཐེ་རོན་ཕུའུ་ཡི་སི་རི་ཡའི་ཁུའར་ཏེ་དྲག་ཆས་དང་དམག་མཚམས་འཇོག་པའི་
འབྲེལ་ཡོད་གྲོས་འགོ་དང་ལེན་མ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཚེས་15ཉིན་གྱི་དགོང་མོ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སི་རི་ཡའི་ཁུའར་ཏེ་དྲག་ཆས་དང་དམག་མཚམས་འཇོག་པའི་གྲོས་འགོ་བཏོན་པ་དང་ལེན་མ་བྱས་ཀྱང་ཨ་རི་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་ཡོད་ཅེས་བཤད་པ་རེད།
    ཨ་ཟེར་བྷེ་ཇན་དུ་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ཐུར་ཁེར་ཕྱིར་ལོག་བྱེད་པའི་ལམ་བར་དུ། ཨེར་ཏུའོ་ཨན་གྱིས་ཐུར་ཁེའི་སྨྱན་སྦྱོར་ལ་ཐེ་རོན་ཕུའུ་ཡིས་ཚེས་14ཉིན་ཁོང་དང་ཁ་པར་ཐོག་ནས་ཐུར་ཁེ་དང་སི་རི་ཡའི་བྱང་རྒྱུད་ཀྱི་ཁུའར་ཏེ་དྲག་ཆས་ཏེ“མི་དམངས་སྲུང་སྐྱོང་དཔུང་སྡེའི”དབར་གྱི་གདོང་ཐུག་འདུམ་འགྲིག་བྱ་ཐུབ་རྒྱུའི་རེ་བ་ཡོད་པ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཕེང་སི་ཚེས་16ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁ་རར་དོན་དེར་གྲོས་བསྡུར་བྱེད་པར་ཡོང་རྩིས་ཡོད་ཅེས་བཤད་པ་རེད།
     ཨེར་ཏུའོ་ཨན་གྱིས་ཐུར་ཁེ་དང་ཁུའར་ཏེ་དྲག་ཆས་ཀྱིས་ཨ་རིའི་བར་འདུམ་འོག་སྔོན་ལ་གྲོས་མཐུན་ཞིག་འཇོག་དགོས་པ་དང་དེ་རྗེས་གཞི་ནས་དམག་མཚམས་འཇོག་པའི་གནད་དོན་གླེང་ཆོག་ཅེས་བཤད་པ་རེད། ཨེར་ཏུའོ་ཨན་གྱིས་ཁོང་གིས་ཁ་པར་ནང་ཐེ་རོན་ཕུའུ་ལ་ཐུར་ཁེ་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ཟིན་ལ། ཁུའར་ཏེ་དྲག་ཆས་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་ནས་རྦད་དེ་ཕྱིར་འབུད་བྱེད་མ་ཚར་གོང་ཁོང་གིས་དམག་མཚམས་འཇོག་རྒྱུ་ཁས་བླངས་མི་སྲིད་ཅེས་བརྗོད་པ་རེད།
    ཚེས་14ཉིན། ཨ་རི་སྲིད་གཞུང་གིས་ཐུར་ཁེས་སི་རི་ཡའི་བྱང་རྒྱུད་དུ་དམག་དོན་བྱ་སྤྱོད་སྤེལ་བ་ལས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྐུལ་བཟོས་པར་ཁ་གཡར་ནས་ཐུར་ཁེ་ཕྱོགས་ལ་ཆད་གཅོད་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་རེད། ཨེའར་ཏུའོ་ཨན་གྱིས་དེ་ནི་ཨ་རིས་ཐུར་ཁེར་གནོན་ཤུགས་སྤྲད་དེ་བཙན་ཤེད་ངང་དམག་མཚམས་འཇོག་བཅུག་པ་དེ་རེད། འོན་ཀྱང་དེར་སེམས་ཁྲལ་བྱེད་ཀྱི་མེད་ཅེས་བཤད་པ་རེད།
     དུས་ཡུན་རིང་པོའི་ནང་ཐུར་ཁེས་སི་རི་ཡ་བྱང་རྒྱུད་ཀྱི་ཁུའར་ཏེ་དྲག་ཆས་འཇིགས་སྐུལ་རྩ་འཛུགས་ལ་རྩིས་མོད། འོན་ཀྱང་ཨ་རིས་དྲག་ཆས་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་མཉམ་ལས་རོགས་ཟླར་བརྩི་བས། ཐུར་ཁེས་བྱ་སྤྱོད་སྤེལ་སྐབས་འཛེམ་ཟོན་ཆེན་པོ་བྱེད་ཀྱི་ཡོད། ཨ་རིའི་ཕོ་བྲང་དཀར་པོས་ཟླ་འདིའི་ཚེས་6ཉིན་ཨ་རིས་ཐུར་ཁེས་སི་རི་ཡའི་བྱང་རྒྱུད་དུ་དམག་དོན་བྱ་སྤྱོད་སྤེལ་བར“རྒྱབ་སྐྱོར་མི་བྱེད་ལ་དེའི་ནང་མི་ཞུགས་པ”དང་། ཨ་དམག་འབྲེལ་ཡོད་ས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཚེས་9ཉིན་ཐུར་ཁེའི་དམག་དཔུང་སི་རི་ཡའི་བྱང་རྒྱུད་དུ་བསྐྱོད་དེ་ཁུའར་ཏེ་དྲག་ཆས་ལ་དམག་དོན་བྱ་སྤྱོད་སྤེལ་བས་མི་སེར་མང་པོ་ཤི་རྨས་བྱུང་བ་དང་དམངས་ཚོགས་འབོར་ཆེན་ཞིག་ཁྱིམ་གཞིས་ནས་བྲོས་དགོས་བྱུང་ཡོད་པ་རེད། སི་རི་ཡས་དེར་རྒོལ་གཏམ་བཏང་བ་དང་འབྲེལ་ཁྲིམས་མཐུན་གྱི་བྱེད་ཐབས་མཐའ་དག་སྤྱད་དེ་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།