འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས“2019ལོའི་
ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞིར”གྲོས་འཆམ་བྱས་པར་གསལ་བསྒྲགས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས“2019ལོའི་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”གྲོས་འཆམ་བྱས་པར་གསལ་བསྒྲགས་སྤེལ་ཡོད་པ་རེད། གསལ་བསྒྲགས་གྱི་ནང་དོན་གཤམ་གསལ།
     ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་15ཉིན་གྲོས་མི་ཉུང་ཤས་ཀྱིས་བཏོན་པའི“2019ལོའི་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”ཞེས་པར་གྲོས་འཆམ་བྱས་ནས་མངོན་སུམ་འཛེམ་མེད་ངང་ཤང་ཀང་གི་གནད་དོན་ལ་ཐེ་ཇུས་བྱེད་པ་དང་བཙན་ཤེད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
     ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་པས་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས། དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ས་གནས་དེ་གའི་བཅའ་ཁྲིམས་བཅས་ལ་གཞིགས་ནས་སྤུན་ཟླ་ཤང་ཀང་བར་རང་དབང་དང་དམངས་གཙོའི་ཁེ་དབང་རྒྱ་ཆེན་པོ་ལོངས་སུ་སྤྱོད་རྒྱུ་ཡོད། འོན་ཀྱང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་དོན་དངོས་སྣང་མེད་དུ་འཇོག་པ་དང་། དཀར་ནག་གོ་ལྡོག་པ། ཡིན་མིན་དབྱེ་བ་མི་འབྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྣང་མེད་དུ་འཇོག་པ། ཤང་ཀང་གི་དྲག་སྐྱོད་སྟོབས་ཤུགས་དང་གཏུམ་སྤྱོད་པ་ཁག་གཅིག་གིས་ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་ལ་མངོན་སུམ་འཛེམ་མེད་ངང་འགྲན་སློང་བྱེད་པ། འཇིགས་སྐུལ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གཏུམ་སྤྱོད་ཉེས་གསོག་གི་དོན་དངོས་བཅས་སྣང་མེད་དུ་འཇོག་པ། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་དམངས་འདོད་རེ་ཞུ་སྣང་མེད་དུ་འཇོག་པ་བཅས་བྱས་ཏེ“འགྲོ་བ་མིའི་ཐོབ་ཐང”དང“དམངས་གཙོའི”མིང་ཐོག་ནས་ཤང་ཀང་ཟང་ཟིང་བཟོས་ཏེ་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བྱ་བ་སྤེལ་གྱི་ཡོད་པ་རེད།
     ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་པ་དང་། ཤང་ཀང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཤང་ཀང་གི་གནད་དོན་ལ་ཕྱིའི་རྒྱལ་ཁབ་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག ང་ཚོས་ཨ་རིའི་རྒྱལ་ཚོགས་དང་དེ་བཞིན་སྲིད་ཚོང་པ་ཁ་ཤས་ལ་ཤང་ཀང་གི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་པ། ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་དོན་གྲོས་གཞིར་གྲོས་ཞིབ་བྱེད་མཚམས་འཕྲལ་མར་འཇོག་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕུགས་ཀྱི་འཕེལ་རྒྱས་དང་གཞི་རྩའི་ཁེ་ཕན་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།