མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་
སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
     གསུང་རྩོམ་ནང་ནན་བཤད་བྱས་དོན། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། ཆུ་ལ་བསྟུན་ནས་གནས་བབ་གཏན་འཁེལ་དང་ཆུའི་བཞུར་ཚད་དང་བསྟུན་ནས་སྐྱོད་པ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར། ཆུའི་སྟོད་སྨད་རྒྱུད་དང་ཆུ་གཞུང་དང་ཆུ་ཕྲན། རྨ་ཆུའི་ངོགས་གཉིས་བཅས་སྤྱི་འདོམས་འཆར་འགོད། མཉམ་དུ་སྲུང་སྐྱོང་ཆེ་མོར་དམ་འཛིན་ཡག་པོ་བྱེད་པ། བཅོས་སྐྱོང་ཆེ་མོར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྨ་ཆུ་ཡུན་རིང་བརྟན་པོ་ཡོང་རྒྱུ་འགན་ལེན། རྒྱུག་ཁུལ་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་གཏོང། རྨ་ཆུའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་རྨ་ཆུ་འདི་ཉིད་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་བ་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། རྨ་ཆུ་རྒྱུག་ཁུལ་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་དང་དཔལ་འབྱོར་ཁུལ་གལ་ཆེན་ཞིག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ས་ཁོངས་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་བདེ་འཇགས་ཐད་ཧ་ཅང་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད། རྨ་ཆུར་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བ་ཡོད། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་པེ་ཅིང་དང་། ཐེན་ཅིན་། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས། ཀོང་ཤང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་འདྲ་བར་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྨ་ཆུ་བཅོས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྨ་ཆུ་རྒྱུག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་སེར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཆུ་བྱེའི་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྣོད་བཅུད་ཁོར་ཡུག་མུ་མཐུད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་ཡོད། དེ་དང་ཕྱོགས་མཚུངས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ནི། མིག་སྔར་རྨ་ཆུ་རྒྱུག་ཁུལ་ལ་སྔར་བཞིན་དཀའ་ངལ་དང་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་གནས་ཡོད་པ་དང་། ཆུ་ལོག་གི་ཉེན་ཁ་ནི་སྔར་བཞིན་རྒྱུག་ཁུལ་གྱི་འཇིགས་པ་ཆེ་ཤོས་དེ་ཡིན་པ། རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དང་ཆུའི་ཐོན་ཁུངས་འགན་ལེན་གྱི་གནས་ཚུལ་ཛ་དྲག་པ། འཕེལ་རྒྱས་ཀྱི་སྤུས་ཚད་གོང་མཐོར་གཏོང་དགོས་པ་བཅས་རེད། གནད་དོན་དེ་དག་ཕྱི་ཚུལ་ནས་བལྟས་ན་རྨ་ཆུར་ཐུག་པ་འདྲ་ནའང་རྩ་བ་རྒྱུག་ཁུལ་ལ་ཐུག་ཡོད།
     གསུང་རྩོམ་ནང་བསྟན་དོན། རྨ་ཆུ་བཅོས་སྐྱོང་ཐད་སྲུང་སྐྱོང་བྱ་རྒྱུ་ནི་གཙོ་གནད་དང་བཅོས་སྐྱོང་བྱ་རྒྱུ་དེ་འགག་རྩ་ཡིན། དང་པོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་པ། རྨ་ཆུ་ཡུན་རིང་བརྟན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། གསུམ་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ། བཞི་པ། རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ལྔ་པ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་དགོས།
     གསུང་རྩོམ་ནང་བསྟན་དོན། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྩེ་རིམ་ཇུས་འགོད་སྤེལ་རྒྱུར་དམ་འཛིན་བྱེད་པ། གནད་དོན་ཆེན་པོར་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་སྒྲིག་སྲོལ་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

  
style="display:none;"