ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་དངོས་མང་སྟོན་ཚོགས་འགོ་ཚུགས་པའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་དངོས་མང་སྟོན་ཚོགས་གཉེར་བར་སྙིང་དབུས་ནས་རྟེན་འབྲེལ་ཞུས་པ་དང་སྦྲགས་དངོས་མང་སྟོན་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་ལས་རིགས་ཁག་གི་མི་སྣར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། རྒྱ་མཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་དོན་གཉེར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་མཚོས་ཚེ་སྲོག་གསོ་སྐྱོང་དང་། འཛམ་གླིང་འབྲེལ་མཐུད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། རྒྱ་མཚོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་ཆེའི་ས་ཆ་ཞིག་ཡིན་པས། རྒྱ་མཚོའི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་ནུས་པ་ཆེ་རུ་གཏོང་བ། རྒྱ་མཚོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཚོ་ཐོག་གི་ཕན་ཚུན་འབྲེལ་མཐུད་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས“མཐིང་མདོག་གི་རོགས་ཟླའི་འབྲེལ་བ”འཕེལ་རྒྱས་ཧུར་ཐག་གཏོང་དགོས། རྒྱ་མཚོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱ་མཚོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། རྒྱ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བེད་སྤྱོད་ཡོང་བ་བཅས་བྱས་ཏེ་བུ་རབས་ཚ་རྒྱུད་ལ་སྔོ་ཞིང་དྭངས་བའི་ནམ་མཁའ་དང་རྒྱ་མཚོ་ཞིག་འཇོག་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་དངོས་མང་སྟོན་ཚོགས་གཉེར་དོན་ནི་འཛམ་གླིང་གི་མཚོ་རྒྱུད་རྒྱལ་ཁབ་ལ་སྒོ་དབྱེ་མཉམ་ལས་དང་། གཉིས་ཕན་མཉམ་སྤྱོད་ཀྱི་ལས་སྟེགས་ཤིག་བསྐྲུན་རྒྱུ་དེ་རེད། ཚང་མས་ཕན་ཚུན་ཡིད་ཆེས་དང་། རོགས་རེས། གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚེས་15ཉིན་གྱི་སྔ་དྲོ་2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་དངོས་མང་སྟོན་ཚོགས་ཧྲེན་ཀྲེན་དུ་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་དངོས་མང་སྟོན་ཚོགས་ཀྱིས“མཐིང་མདོག་གི་གོ་སྐབས། འབྱུང་འགྱུར་མཉམ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁེ་ལས་དང་སྒྲིག་གཞི་450ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། དེང་རབས་ཀྱི་གྲུ་ཁ་འཛུགས་སྐྲུན་དང་། རྒྱ་མཚོའི་མཐོ་གསར་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན། རྒྱ་མཚོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བེད་སྤྱོད། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་དང་ཕྱོགས་བསྡུས་བེད་སྤྱོད་སོགས་ཀུན་གྱིས་དོ་སྣང་བྱེད་པའི་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ནས་ལག་རྩལ་གསར་པའི་གྲུབ་འབྲས་བཏོན་ཏེ་ཀྲུང་ཕྱིའི་ཁེ་ལས་དབར་ངོ་འཕྲད་གྲོས་མོལ་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་བ་རེད།
|