འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བསྟན་དོན། འཛད་སྤྱོད་དབུལ་སྐྱོར་དེ་ཤར་ནུབ་རྒྱུད་ཀྱི་
དབུལ་སྐྱོར་མཉམ་སྒྲུབ་དང་ཀྲུང་དབྱང་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་དཔྱད་ཞིབ་ནང་འཇོག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་སྤྱི་ཚོགས་དབུལ་སྐྱོར་སིའི་སི་ཀྲང་ཆུས་ཐན་ཅུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས། འཛད་སྤྱོད་དབུལ་སྐྱོར་དེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་དང་ཀྲུང་དབྱང་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་སྲིད་ཇུས་ཀྱི་སྒྲོམ་གཞིའི་ནང་བཅུག་ནས་རྫོང་དབུལ་པོའི་ཞིང་ཞོར་ཐོན་རྫས་ཉོ་བ་དང་ཚོང་རོགས་ཀྱི་གནས་ཚུལ་དང་། མཉམ་སྒྲུབ་ས་ཁུལ་དབུལ་པོའི་འཛད་སྤྱོད་ལ་རོགས་རམ་བྱེད་པའི་དབུལ་སྐྱོར་དངུལ་གྲངས་དང་འཛད་སྤྱོད་དབུལ་སྐྱོར་གྱིས་མི་འབོར་དབུལ་པོའི་མི་གྲངས་ལ་སྐུལ་ཁྲིད་བྱེད་རྒྱུ་དེ་ཀྲུང་དབྱང་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལས་སྒོའི་བསྡོམས་རྩིས་ཁྱབ་ཁོངས་སུ་སོ་སོར་འཇུག་རྒྱུ་ཡིན་ཞེས་བསྟན་པ་རེད།
     ན་ནིང་ཟླ་12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གིས་བཀྲམ་པའི《འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གི་མཛུབ་ཁྲིད་བསམ་འཆར》ནང་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།
     ཆུས་ཐན་ཅུན་གྱིས“འདི་ལོའི་ཟླ་ལྔ་པ་དང་བརྒྱད་པར། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ནོར་སྲིད་ཀྱི་ཉོ་སྒྲུབ་སྲིད་ཇུས་སྤྱད་དེ་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་མཉམ་འབྲེལ་སྐུལ་འདེད་བཏང་བ་དང་དུས་མཚུངས། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་ཐོན་ཚོང་སྦྲེལ་མཐུད་ལ་ཁྲིད་སྟོན་བྱེད་པ་དང་། འཛད་སྤྱོད་དབུལ་སྐྱོར་དེ་སྡེ་ཁུལ་ནས་འགོ་འཛུགས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་འཛད་སྤྱོད་པ་རྣམས་འཛད་སྤྱོད་དབུལ་སྐྱོར་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད”ཅེས་བརྗོད་པ་རེད།
     འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོ་ད་ཐེངས་ཀྱི་གླེང་སྟེགས་ཐོག་སྤེལ་འགོ་ཚུགས་ཤིང་། ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་འདེད་ཚོགས་པའི་དྲུང་ཆེ་གཞོན་པ་ཀྲོའུ་ཤན་ཀང་གིས“འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་རིང་། དྲ་ཐོག་ཚོང་དོན་ཆེ་གྲས་ཁག་གི་ལས་སྟེགས་སྤྱད་དེ‘ཁུལ་གསུམ་དང་ཀྲོའུ་གསུམ’ནས་ཐོན་པའི་ཚགས་ཤ་དང་། ནས། སྟར་ཁ། ཁ་སུར་སོགས་ཀྱི་ཞིང་ཞོར་ཐོན་རྫས་གཙོ་གནད་ཐོག་འོས་སྦྱོར་ངོ་སྤྲོད་བྱེད་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་འཛད་སྤྱོད་དབུལ་སྐྱོར་ཀུན་གྱིས་བྱེད་པ་དང་ཀུན་གྱིས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།