འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་རྩལ་ནུས་ཆེར་གཏོང་བྱ་སྤྱོད་ཀྱི་ལག་བསྟར་ ཇུས་གཞི་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚོ་སྔོན་གསར་འགྱུར་དྲ་བ·མཚོ་སྔོན་གསར་འགྱུར་སྤྱོད་སྣེ་ནས་གནས་ཚུལ་འབྱོར་གསལ། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་རྩལ་ནུས་ཆེར་གཏོང་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2019ནས་2021ལོ་བར)》བཀྲམ་ཞིང་། 2019ནས་2021ལོ་བར་ལས་ཤོར་འགན་བཅོལ་ཐེབས་རྩའི་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར་6སྤྱད་དེ། ལོ་གསུམ་གྱི་དུས་ཚོད་ནང་མི་ཐེངས་ཁྲི་3ལྷག་ཙམ་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱ་རྒྱུ་ཡིན་པ་ལས། 2019ལོར་མི་ཐེངས་ཁྲི་10ལ་གསོ་སྦྱོང་བྱེད་རྩིས་ཡོད་པ་རེད།
     《ཇུས་གཞིའི》ནང་དུས་ཚོད་རེའུ་མིག་ཁ་གསལ་བཟོས་པ་སྟེ། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས། བྱེད་རྩལ་ནུས་ངལ་རྩོལ་བས་ལས་ཞུགས་མི་སྣའི་བསྡོམས་འབོར་བསྡུར་གྲངས་བཟུང་ཚད་25%ཡན་ཟིན་པ་དང་། རྩལ་ནུས་ཆེ་བའི་ཤེས་ལྡན་པས་རྩལ་ནུས་ངལ་རྩོལ་བའི་བསྡུར་གྲངས་བཟུང་ཚད་30%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད། ལས་རིགས་རྩལ་ནུས་ཆེར་གཏོང་བྱ་སྤྱོད་མུ་མཐུད་སྤེལ་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་བཅས་ལ་སྐུལ་འདེད་བཏང་ནས་གསོ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་གྲངས་འབོར་མང་དུ་གཏོང་རྒྱུ་རེད།
     《ཇུས་གཞིའི》ནང་འཚོ་བའི་གྲོན་དངུལ་དང་། འགྲིམ་འགྲུལ་གྲོན་དངུལ། ལག་རྩལ་པ་གསོ་སྦྱོང་སོགས་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་དང་ཁྱབ་ཁོངས་ཆེ་རུ་བཏང་ནས་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། དབུལ་སྐྱོར་འཁོར་ཁང་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོས་མི་འབོར་དབུལ་པོ་ལས་ཞུགས་བྱེད་པ་དང་ཆབས་ཅིག་ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ། དེ་བཞིན་ཁེ་ལས་ཀྱིས་ལས་བཟོ་དགེ་ཕྲུག་གསོ་སྦྱོང་གི་ལམ་ལུགས་གསར་པའི་ཁ་གསབ་ཚད་གཞི་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པས། དེ་སྔའི་མི་རེར་ལོ་རེར་ཁ་གསབ་ཐེངས་གཅིག་ལས་ལོངས་སྤྱོད་མི་ཐུབ་པའི་ཚད་བཀག(ཁ་གསབ་ཐེངས་གསུམ་ལོངས་སྤྱོད་ཐུབ་པ)སོགས་མེད་པར་བཟོས་ཡོད།
     《ཇུས་གཞི》ལག་བསྟར་བྱས་པ་དེས་ངལ་རྩོལ་བ་སྣ་ཚོགས་ཀྱི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཏེ། ཤེས་ལྡན་གྱི་རྣམ་པ་དང་། རྩལ་ནུས་ཀྱི་རྣམ་པ། གསར་གཏོད་ཀྱི་རྣམ་པ་བཅས་ཀྱི་ངལ་རྩོལ་བའི་རུ་ཁག་ཆེན་པོ་ཞིག་མགྱོགས་མྱུར་སྐྲུན་པར་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་ཐུབ་ཡོད།