འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎ཕུའུ་ཅིང་གིས་ཨུ་རུ་སུའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཆོག་མཆན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་2030ལོའི་གོང་གི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཆོག་མཆན་སྤྲད་པ་རེད།
     ཨུ་རུ་སུའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ཀྱིས་ཉེ་ཆར་ཕུའུ་ཅིང་གིས་མཚན་རྟགས་བཀོད་པའི་འབྲེལ་ཡོད་ཡིག་ཆ་ཁྱབ་བསྒྲགས་བྱས་པ་རེད། འཐབ་ཇུས་དེའི་དམིགས་ཡུལ་ནི་ཨུ་རུ་སུས་མི་ཐབས་རིག་ནུས་ཁྱབ་ཁོངས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་ཞིང་། དེའི་ནང་། མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཚན་རིག་ཞིབ་འཇུག་བྱས་ཏེ་སྤྱོད་མཁན་ལ་ཆ་འཕྲིན་དང་རྩིས་རྒྱག་ཐོན་ཁུངས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་བ་དང་། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།
     བཀའ་རྒྱ་གཞིར་བཟུང་། ཨུ་རུ་སུ་སྲིད་གཞུང་གིས་ཟླ་12ཚེས་15ཉིན་གོང་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་ཡིག་ཆའི་ནང་དོན“ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲངས་འཛིན་དཔལ་འབྱོར”གྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་གཞིའི་ནང་འཇུག་དགོས་པ་མ་ཟད། ལོ་ལྟར་ཨུ་རུ་སུའི་ཙུང་ཐུང་ལ་2030ལོའི་གོང་གི་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་རེད།