འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅༎འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཨ་རིས་ཡོ་རོབ་མནའ་འབྲེལ་ལ་ཚོང་དོན་གྱི་འཁོན་ལན་སློག་པའི་དབང་ཆ་དངོས་སུ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྒྲིག་གཞིས་ཚོགས་འདུ་འཚོགས་ནས་ཨ་རིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས“མཁའ་འགྲུལ་ཁ་གསབ་གྱོད་གཞིའི”ཁྲུན་གཅོད་གསར་ཤོས་ལ་གཞིགས་ནས་ཡོ་རོབ་མནའ་འབྲེལ་ལ་ཚོང་དོན་གྱི་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་རྒྱུའི་དབང་ཆ་དངོས་སུ་སྤྲད་པ་རེད།
     གནས་ཚུལ་ཤེས་མཁན་མི་སྣས་ངོ་སྤྲོད་བྱེད་པར་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱིས་ཚོགས་འདུའི་ཐོག་ཨ་རིར་དབང་ཆ་ཐོབ་ནས་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་མོད། འོན་ཀྱང་བྱེད་ཐབས་དེ་རིགས་གང་ཞིག་ཡིན་རུང་ཚང་མ“མིག་རྒྱང་ཐུང་བའི་བྱེད་ཐབས”ཞིག་ཡིན་པས། གོ་ལ་ཧྲིལ་པོའི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ལ་གནོད་འཚེ་ཕོག་པ་མ་ཟད། གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་ལའང་ཤུགས་རྐྱེན་ངན་པ་བཟོ་སྲིད་ཅེས་བརྗོད་པ་རེད། ཡོ་རོབ་མནའ་འབྲེལ་གྱི་འཐུས་མིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཨ་རིས་སྔར་བཞིན་པོ་དབྱིན་ཀུང་སིར་སྒྲིག་འགལ་ཁ་གསབ་བྱེད་པའི་བྱེད་སྤྱོད་ཡོད་པའི་ཁྲུན་ཐག་བཅད་པ་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྱང་མི་རིང་བར་ཨ་རིར་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་ཆོག་པའི་དབང་ཆ་ཐོབ་སྲིད་ཅེས་བརྗོད་པ་རེད།
     འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་2ཉིན་ཡོ་རོབ་མནའ་འབྲེལ་དང་དེའི་ཁོངས་མིའི་རྒྱལ་ཁབ་ཁག་གཅིག་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྒྲིག་གཞིའི་དེ་སྔའི་འབྲེལ་ཡོད་ཁྲུན་གཅོད་ལག་ལེན་བསྟར་མེད་པར་མཁའ་འགྲུལ་ཀུང་སིར་སྒྲིག་འགལ་ཁ་གསབ་སྔར་བཞིན་སྤྲོད་པས། ཨ་རིར་ལོ་རེར་ཨ་སྒོར་དུང་ཕྱུར་75ཙམ་ཟིན་པའི་ཡོ་རོབ་མནའ་འབྲེལ་གྱི་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་དང་ཞབས་ཞུར་སྒོ་ཁྲལ་འཕར་མ་བསྡུ་བ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུའི་དབང་ཆ་ཡོད་པ་རེད།
     ཨ་རིའི་ཚོང་དོན་འཐུས་མིའི་གཞུང་ལས་ཁང་གིས་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིར་ཕྱིར་གཏོང་བྱེད་པའི་ཐོན་རྫས་རབ་དང་རིམ་པར་སྒོ་ཁྲལ་འཕར་མ་བསྡུ་རྒྱུ་དང་། སྒོ་ཁྲལ་འཕར་མ་བསྡུ་རྒྱུ་དེ་ཚེས་18ཉིན་ནུས་པ་ཐོན་རྒྱུའི་འཆར་གཞི་ཡོད་པ་རེད།
     ཨ་རི་དང་ཡོ་རོབ་མཁའ་འགྲུལ་གྱི་ཁ་གསབ་རྩོད་གཞི་བྱུང་ནས་ལོ་མང་སོང་ཡོད། 2004ལོར་ཨ་རིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་གཏུག་བཤེར་བྱས་ནས་ཡོ་རོབ་མནའ་འབྲེལ་གྱིས་མཁའ་འགྲུལ་ལ་ཁྲིམས་འགལ་གྱི་ཁ་གསབ་སྤྲོད་པའི་ཞུ་གཏུག་བརྒྱབ་ཡོད། ཡོ་རོབ་མནའ་འབྲེལ་གྱིས་དེ་རྗེས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཨ་རི་སྲིད་གཞུང་གིས་པོ་དབྱིན་ལ་ཁྲིམས་འགལ་གྱི་ཁ་གསབ་སྤྲོད་པའི་ཞུ་གཏུག་བརྒྱབ་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་ཟླ་3པར་པོ་དབྱིན་གྱི་ཁ་གསབ་གྱོད་གཞི་ལག་བསྟར་བྱས་ཚུལ་ལ་དམིགས་པའི་གོང་གཏུག་སྒྲིག་གཞིའི་སྙན་ཞུ་ཡོངས་བསྒྲགས་བྱས་ནས་ཨ་རིས་སྔར་བཞིན་སྒྲིག་འགལ་ངང་པོ་དབྱིན་ལ་ཁ་གསབ་བྱས་པའི་ཁྲུན་ཐག་བཅད་པ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲུན་ཐག་བཅད་འབྲས་དེས་ཡོ་རོབ་མནའ་འབྲེལ་གྱིས་འབྱུང་འགྱུར་ཨ་རིར་དེ་མཚུངས་ཀྱི་འཁོན་ལན་སློག་པའི་བྱ་ཐབས་སྤྱོད་རྒྱུར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།