མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཆུང་དུས་ནས་གདོང་ལེན་པར་སློབ་སྦྱོང་བྱས་ཏེ་ནར་སོན་རྗེས་གདོང་ལེན་པ་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེ་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ལ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་དུང་ཕྱུར་དུ་མ་དང་ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ལ་དཀའ་སྤྱད་འབད་བརྩོན་གནང་མཁན་རྒྱ་ཆེའི་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་70ཡི་རིང་། ཏང་གི་འགོ་ཁྲིད་འོག་ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་ཀྱི་སློབ་གསོ་དང་། རང་བརྟེན་སློབ་གསོ། ལག་ལེན་སློབ་གསོ་བཅས་གཅིག་གྱུར་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཡུན་ནས་ཡུན་དུ་དར་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་འཁོད་ཡོད། 
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་པའི་སློབ་གྲྭ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཅིག་ཀྱང་ཡིན། དུས་རབས་གསར་པར་ལོ་ཆུང་གདོང་ལེན་རུ་མི་ཚོས་མེས་རྒྱལ་དང་། མི་དམངས། ཀྲུང་གོ་གུང་ཁྲན་ཏང་བཅས་ལ་དགའ་ཞེན་དང་། ཕུགས་བསམ་ཆེན་པོ་འཛུགས་པ། ཀུན་སྤྱོད་བཟང་པོ་སྐྱེད་སྲིང་། ཤེས་བྱར་བརྩོན་པ་ཧུར་ལེན། གཟུགས་པོར་སྦྱོང་བརྡར། ངལ་རྩོལ་གྱི་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་ཏེ་ཆུང་དུས་ནས་གདོང་ལེན་པར་སློབ་སྦྱོང་བྱེད་པ་དང་ནར་སོན་རྗེས་གདོང་ལེན་པ་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ལ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མཐོང་ཆེན་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཆུང་གདོང་ལེན་རུ་མི་བདེ་ཐང་ངང་འཚར་ལོངས་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་འཕེལ་རྒྱས་ཆེད་ཆ་རྐྱེན་བསྐྲུན་དགོས།
     གུང་གཞོན་སྡེ་ཚོགས་ཀྱིས་སྡེ་ཚོགས་ཡོངས་ཀྱི་རུ་སྣེ་འཁྲིད་པའི་འགན་འཁྲི་ཡག་པོ་འཁུར་བ་དང་ཆབས་ཅིག་ལོ་ཆུང་གདོང་ལེན་རུ་ཁག་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་སྔ་ཕྱི་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སྐེ་དར་དམར་པོ་སྔར་བས་བཀྲག་མདངས་འཚེར་བ་བྱེད་དགོས། 
     ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པ་དང་འགོ་ཁྲིད་བྱེད་པ་དང་། གུང་གཞོན་སྡེ་ཚོགས་ལ་ཐད་ཀར་འགོ་ཁྲིད་བྱ་རྒྱུར་མངགས་བཅོལ་བྱས་པའི་ཀྲུང་གོ་ལོ་ཆུང་བྱིས་པ་ཚོགས་པའི་རྩ་འཛུགས་ཤིག་རེད། 1949ལོའི་ཟླ་10ཚེས་13ཉིན་བཙུགས་ཚུན། ལོ་ཆུང་གདོང་ལེན་རུ་ཁག་གིས་ཏང་གི་སློབ་གསོའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་ལོ་ཆུང་བྱིས་པའི་དུས་རབས་ཀྱི་ཁྱད་ཆོས་གཞིར་བཟུང་། གསོན་ཉམས་ལྡན་པའི་ངང་ལག་ལེན་གྱི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་མི་རབས་མང་པོ་གསོ་སྐྱོང་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་ལོ་6ནས་14བར་གྱི་ལོ་ཆུང་གདོང་ལེན་རུ་མི་དུང་ཕྱུར་1.3ལྷག་ཙམ་ཡོད་པ་རེད། 

  
style="display:none;"