མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་70འཁོར་བའི་དུས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚང་མ་དང་། ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ལ་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་གྱི་རྒྱ་ཆེ་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་70ཡི་རིང་། ཏང་གི་འགོ་ཁྲིད་འོག་ལོ་ཆུང་གདོང་ལེན་རུ་ཁག་གིས་སྒྲིག་འཛུགས་སློབ་གསོ་དང་། རང་བརྟེན་སློབ་གསོ། ལག་ལེན་སློབ་གསོ་བཅས་གཅིག་གྱུར་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་ཡོད། 
     ཞི་ཅིན་ཕིང་གིས། ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་ཡིན་དགོས་ཤིང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཅིག་ཡིན་དགོས། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་མི་དམངས་ལ་དགའ་ཞེན་དང་། ཀྲུང་གོའི་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་དགོས་ལ། ཕུགས་བསམ་ཆེན་པོ་ཡོད་དགོས་ཤིང་། ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱེད་དགོས་པ་དང་། འབད་བརྩོན་སྒོས་ཤེས་བྱ་སློབ་སྦྱོང་། གཟུགས་པོ་ཐང་པོར་སྦྱོང་བརྡར། ངལ་རྩོལ་གྱི་སྙིང་སྟོབས་གསོ་སྐྱོང་། ཆུང་དུས་ནས་གདོང་ལེན་པར་སློབ་སྦྱོང་བྱེད་པ་དང་ནར་སོན་རྗེས་གདོང་ལེན་པ་བྱེད་པ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་གསུངས། 
     ཞི་ཅིན་ཕིང་གིས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མཐོང་ཆེན་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་འགོ་ཁྲིད་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ཁོངས་མི་སྐྱོན་བྲལ་ངང་འཚར་ལོངས་བྱུང་བ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་གོང་དུ་སྤེལ་བར་ཆ་རྐྱེན་བསྐྲུན་དགོས། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་ཀྱི་རུ་སྣེ་ཁྲིད་པའི་འགན་འཁྲི་ཡག་པོ་འཁུར་དགོས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་ཅིང་། ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ་བྱས་པ་བརྒྱུད། སྐེ་རས་དམར་པོ་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། 
     ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་གསར་དུ་བཙུགས་ཤིང་འགོ་ཁྲིད་པ་མ་ཟད། གུང་གཞོན་ཚོགས་པས་ཐད་ཀར་འགོ་ཁྲིད་པར་མངགས་བཅོལ་བྱས་པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཚོགས་པའི་རྩ་འཛུགས་ཡིན། 1949ལོའི་ཟླ་10ཚེས་13ཉིན་གསར་དུ་བཙུགས་པ་ནས་བཟུང་། ལོ་ཆུང་གདོང་ལེན་རུ་ཁག་གིས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཤིང་། ལོ་ཆུང་བྱིས་པའི་དུས་རབས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ ལག་ལེན་བྱེད་སྒོ་གསོན་ཉམས་དོད་པོ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་ལོ་6ནས་ལོ་14བར་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དུང་ཕྱུར་1.3ཡན་ཟིན་ཡོད།

  
style="display:none;"