འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་14ཉིན།

༄༅༎ཅིན་ནའེ་རུ་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མུ་མཐུད་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་10ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མུ་མཐུད་མཇལ་འཛོམས་གནང་བ།
ཟླ་10ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མུ་མཐུད་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་རྒྱ་གར་གྱི་ཅིན་ནའེ་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཅིན་ནའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མུ་མཐུད་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་མཛའ་གྲོགས་དང་བག་ཕེབས་ཀྱི་རྣམ་པའི་ཁྲོད་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
     ཞི་ཅིན་ཕིང་གིས་ན་ནིང་ང་དང་སྐུ་ཞབས་ཙུང་ལི་ཝུའུ་ཧན་དུ་གྲུབ་འབྲས་ཐོབ་པའི་ངང་ཞལ་འཛོམས་བྱུང་ཚུན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པར་སྐྱོད་པ་དང་ཞལ་འཛོམས་བྱས་རྗེས་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་ཀྱང་ཟམ་མི་ཆད་པར་ཐོན་ཡོད། ཀྲུང་གོ་དང་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། མི་འབོར་དུང་ཕྱུར་བཅུ་ལས་བརྒལ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱང་ཡིན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་ནི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་སྲིད་ཇུས་ཡིན། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོ་དང་རྒྱ་གར་གྱིས་གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དེ་བས་གལ་འགངས་ཆེ་བའི་འགན་འཁྲི་འཁུར་ཡོད། འབྱུང་འགྱུར་གྱི་ལོ་ཤས་ནི་ཀྲུང་གོ་དང་རྒྱ་གར་གྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། ང་ཚོས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཁ་ཕྱོགས་དམ་པོར་འཛིན་པ་དང་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལོ་བརྒྱའི་ཇུས་ཆེན་འཆར་འགོད་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་སྣོན་པ་དང་མཉམ་དུ་ལག་གདང་སྦྲེལ་ནས་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་རྒྱ་གར་གྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་གྲོས་འགོ་ཁ་ཤས་བཏོན་གནང་བ་སྟེ།
     གཅིག ཕ་རོལ་ཕྱོགས་ཀྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། ཕྱོགས་གང་ནས་བལྟས་ནའང་། ཀྲུང་གོ་དང་རྒྱ་གར་ནི་ཞི་མཐུན་མཉམ་གནས་ཀྱི་ཁྱིམ་མཚེས་ཡག་པོ་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་རེད། “འབྲུག་དང་གླང་ཆེན་མཉམ་འཁྲབ”མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་དང་རྒྱ་གར་གྱི་ཡང་དག་གི་གདམ་ག་འབའ་ཞིག་དེ་རེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད། རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་རྦད་དེ་བསྐྱོད་ཆོག རྒྱལ་ཁབ་གཉིས་དབར་གྱི་འགལ་ཟླར་ལྟ་སྟངས་ཡང་དག་འཛིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དུས་བབ་མི་ཉམས་པར་བྱེད་པ་དང་ཆབས་ཅིག་འབྲེལ་མཐུད་བརྒྱུད་རིམ་གྱིས་བསམ་ཤེས་ཐུབ་པར་བྱས་ནས་འགལ་ཟླ་ཟམ་མི་ཆད་པར་སེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་འཕེལ་རྒྱས་ཡག་པོ་ཡོང་རེ་བྱེད་ཀྱི་ཡོད་ལ། རྒྱ་གར་ཡང་འཕེལ་རྒྱས་ཡག་པོ་ཡོང་རེ་བྱེད་ཀྱི་ཡོད། ཀྲུང་གོ་དང་རྒྱ་གར་གྱིས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཕན་ཚུན་ལྟ་རྟོགས་བྱེད་རེས་བྱེད་དགོས།
     གཉིས། དུས་ཐོག་ཏུ་ཕན་འབྲས་ལྡན་པའི་འཐབ་ཇུས་འབྲེལ་མཐུད་བྱས་ནས་ཕན་ཚུན་དབར་གྱི་ཤེས་རྟོགས་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ནན་པོ་བྱེད་དགོས། མཛའ་གྲོགས་དང་མཉམ་ལས་གཅིག་སྡུད་དང་དོགས་པ་དང་དོགས་གཞི་བསལ་ནས་འགལ་ཟླ་དང་ཚོར་སྐྱེན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། ཆབ་སྲིད་ཀྱི་མཛུབ་ཁྲིད་རྩ་དོན་གྱི་ཆོད་དོན་གཞིར་བཟུང་གཞུང་དྲང་ལུགས་མཐུན་དང་ཕྱོགས་གཉིས་པོས་དང་ལེན་ཐུབ་པའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་དགོས། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཡིད་གཟབ་ངང་ཐག་གཅོད་བྱེད་པ་དང་གནས་སྐབས་ཐག་གཅོད་མི་ཐུབ་པའི་གནད་དོན་ཐད་དོ་དམ་ཚོད་འཛིན་འོས་འཚམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
     གསུམ། དམག་དོན་བདེ་འཇགས་ཀྱི་འགྲོ་འོང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། དམག་དཔུང་གཉིས་ཀྱི་འབྲེལ་བ་ཡིད་ཆེས་ཟབ་གཏོང་དང་། དོགས་གཞི་སེལ་བ། མཛའ་གྲོགས་མཉམ་ལས་བཅས་ཀྱི་ཡང་དག་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཆེད་ལས་མཉམ་ལས་དང་མཉམ་འབྲེལ་ནང་སྦྱོང་སོགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་བ། དམག་དཔུང་གཉིས་དབར་གྱི་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་གཏོང་བ། ཁྲིམས་འཛིན་བདེ་འཇགས་སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།
     བཞི། ཁེ་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁེ་ཕན་གྱི་སྦྲེལ་ཐག་དམ་དུ་གཏོང་དགོས། མཐོ་རིམ་རིམ་པའི་དཔལ་འབྱོར་ཚོང་དོན་གླེང་མོལ་ལམ་སྲོལ་འཛུགས་པ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་བཟོ་སྐྲུན་ལས་རིགས་ཀྱི་རོགས་ཟླའི་འབྲེལ་བ་འཚོལ་ཞིབ་བྱེད་དགོས། རྒྱ་གར་གྱི་སྨན་རྫས་ཁེ་ལས་དང་ཆ་འཕྲིན་ལག་རྩལ་ཁེ་ལས་ཀྲུང་གོར་མ་འཇོག་མཉམ་ལས་ལ་ཡོང་བར་དགའ་བསུ་ཞུ་གི་ཡིན།
     ལྔ། མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཛའ་གྲོགས་ཀྱི་རྩ་བ་བརྟན་དུ་གཏོང་དགོས། ང་ཚོས་སང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང“ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་ཡག་པོ་གཉེར་དགོས། ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་དང་ཐའེ་སྨིར་ནཱ་ཏེ་མངའ་སྡེ་དང་དེ་བཞིན་ཆོན་ཀྲོའུ་གྲོང་ཁྱེར་དང་ཆིན་ནའེ་གྲོང་ཁྱེར་དབར་བཅས་ཀྱི་མཛའ་གྲོགས་ཞིང་གྲོང་འབྲེལ་བ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་མཚོ་ཐོག་དར་གོས་ལམ་བུའི་ལེའུ་གསར་པ་རྩོམ་དགོས།
     དྲུག རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་འཕེལ་རྒྱས་དབང་ཆ་འགན་ལེན་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་ཕྱོགས་མང་ལམ་སྲོལ་སྒྲོམ་གཞིའི་ནང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས། “ཀྲུང་གོ་དང་རྒྱ་གར+”ཀྱི་མཉམ་ལས་ཨེ་ཤེ་ཡ་ལྷོ་མ་དང་། ཨེ་ཤེ་ཡ་ཤར་ལྷོ། ཨ་ཧྥེ་རི་ཁ་བཅས་སུ་རྒྱ་སྐྱེད་བྱེད་རྒྱུར་རིམ་གྱིས་འཚོལ་ཞིབ་དང་། ས་ཁུལ་གྱི་གཉིས་སྦྲེལ་གཉིས་མཐུད་དྲ་བ་དེ་བས་ཤར་གཏོང་ཐུབ་པ་བྱས་ནས“ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན”སྔ་ཙམ་འཇོག་དགོས།
     མོ་ཏིས་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་རྒྱ་གར་དང་ཀྲུང་གོས་མིག་སྔའི་གཏན་འཁེལ་རང་བཞིན་མེད་པའི་རྒྱལ་སྤྱིའི་དུས་བབ་འོག་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་དགེ་མཚན་ལྡན་ལ་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་ཕན་ཚུན་དབར་གྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ་དང་། དོ་དམ་ཚོད་འཛིན་དང་འགལ་ཟླ་ཐག་གཅོད་ནུས་ལྡན་བྱེད་པ། འགལ་ཟླ་རྩོད་གཞིར་མི་འགྱུར་བར་བྱེད་པ། འཕེལ་རྒྱས་ཁྲོད་རོགས་ཟླའི་འབྲེལ་བ་དེ་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་གཏོད་དགོས་ཞེས་བཤད་པ་རེད།
     མོ་ཏིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སླར་ཡང་རྟེན་འབྲེལ་ཞུས་པ་མ་ཟད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་ཀྱི་ཡོད། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་གནས་པ་དང་རྒྱལ་ཁབ་གཉིས་ལ་འདྲ་བའི་འགྲན་སློང་མང་པོ་ཕྲད་ཡོད་པས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤེལ་རེས་མིག་བལྟོས་དང་ཁེ་ཕན་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ལ་འབྲས་དང་མངར་ཆ་སོགས་ཐོན་རྫས་ནང་འདྲེན་བྱེད་ཚད་མང་དུ་བཏང་བར་རྒྱ་གར་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། མཐོ་རིམ་རིམ་པའི་དཔལ་འབྱོར་ཚོང་དོན་གྱི་གླེང་མོལ་ལམ་སྲོལ་ཡག་པོ་སྤྱད་དེ། མཐའ་མཚམས་ཚོང་དོན་དོ་སྙོམས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་རྒྱ་གར་དུ་མ་འཇོག་བཟོ་སྐྲུན་ལས་རིགས་གཉེར་བར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་སང་ལོ་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་70ཡག་པོ་གཉེར་དགོས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་རྒྱ་གར་དུ་ཡོང་བར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་མཉམ་འབྲེལ་ཞིབ་འཇུག་བྱས་ཏེ་རྒྱ་གར་དང་ཀྲུང་གོའི་དབར་གྱི་ཡུན་རིང་འགྲོ་འོང་གི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་པའི་རེ་བ་ཡོད། རྒྱ་གར་ཕྱོགས་ཀྱིས་རང་ངོས་སྲུང་སྐྱོང་འཐབ་ཇུས་ཀྱི་རང་བདག་རང་བཞིན་ལ་གཙིགས་ཆེན་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་འདོད་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན”སྔ་ཙམ་འཇོག་པར་སྐུལ་འདེད་བཏང་སྟེ། གཉིས་སྦྲེལ་གཉིས་མཐུད་ཀྱི་མཉམ་ལས་བྱེད་འདོད་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བཤད་པ་རེད།