འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་14ཉིན།

༄༅།།ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པའི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་ཀྱི་དབུ་ཚོགས་ཤིག་འཚོགས་ནས་རྒྱལ་ཁབ་ཁག་གི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་གདན་དྲངས་ཏེ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་འཕེལ་རྒྱས་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲོས་ཞིབ་བྱས་པ་རེད། དབུ་ཚོགས་ཐོག་རྒྱུན་མཐུད་འཕེལ་རྒྱས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ཕྱོགས་ཁག་གི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། ལོ་10སྔ་སྣུར་དུ་མངོན་འགྱུར་ཐུབ་རེ་ཡོད་པའི་2030ལོའི་གྲོས་རིམ་གྱི་དམིགས་ཚད་དང་པོ་སྟེ། དབུལ་ཕོངས་སེལ་བ་ནས་དམངས་ཡོངས་ལ་སྨན་བཅོས་འགན་བཅོལ་ཁྱབ་པ་དང་། དེ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར། ཀྲུང་གོས་གྲོས་རིམ་དེར་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱས་པ་དང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།
    དབུལ་ཕོངས་ཉུང་གཏོང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་པ།
    རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་བ་ནི་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། 2015ལོའི་ཟླ་9པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ལྟེ་བར་བྱས་པའི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱས་པ་དང་། དེའི་དམིགས་ཡུལ་ནི་དབུལ་ཕོངས་སེལ་བ་དང་། བཀྲེས་ལྟོགས་སེལ་བ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ་རེད། ད་ཐེངས་ཀྱི་དབུ་ཚོགས་ནི་གྲོས་རིམ་འདི་གྲོས་འཆམ་བྱུང་ཚུན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཚོགས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་སྐོར་གྱི་རིམ་པ་མཐོ་བའི་ཚོགས་འདུ་ཐོག་མ་དེ་རེད།
     དབུལ་ཕོངས་སེལ་བ་ནི་གོང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ནང་གི་དམིགས་ཚད་གཙོ་བོ་དེ་རེད་ལ། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་གྲས་ཤིག་ཀྱང་རེད། ལྟ་ཞིབ་མི་སྣས་རྒྱུན་མཐུད་འཕེལ་རྒྱས་ལག་ལེན་བསྟར་རིང་གི་ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ལ་ཁས་ལེན་དང་བསྔགས་བརྗོད་བྱ་ཆོག་པ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ཡི་རིང་། ཀྲུང་གོའི་མི་འབོར་དུང་ཕྱུར་8ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་ཡོད། 
     ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ད་ཐེངས་ཀྱི་དབུ་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ་སྐབས། ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་གཞི་རྩའི་རྒྱལ་ཇུས་ལ་བརྩིས་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བློ་ཐག་བཅད་ནས་སང་ལོར་དབུལ་པོ་དབུལ་རྐྱང་སེལ་ཐུབ་པར་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དང་པོ་ལོ་10སྔ་སྣུར་དུ་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
     དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པའི་ཀྲུའུ་ཞི་མུའུ་ཧན་མུའུ་ཏེ་པན་ཏེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ལོ་བཅུ་ཕྲག་ནང་མི་འབོར་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་མི་འབོར་གྱི་གྲངས་འབོར་འཛམ་གླིང་གི་ཨང་དང་པོ་ཡིན་པའི་རྒྱལ་ཁབ་དེར་དབུལ་ཕོངས་མཐའ་གཅིག་ཏུ་སེལ་བའི་འབད་བརྩོན་བྱེད་བཞིན་ཡོད། འདི་མ་གཞི་ནས་འཛམ་གླིང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད། འདས་ཟིན་པའི་ལོ་ངོ་70ལ་ཕྱིར་མིག་ལྟ་སྐབས། ཀྲུང་གོ་ཅིའི་ཕྱིར་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་ཅིའི་ཕྱིར་མི་འབོར་དུང་ཕྱུར་མང་པོ་དབུལ་སྒྲོལ་བྱུང་བ་འདི་དག་ཚང་མ་ང་ཚོས་ཞིབ་འཇུག་བྱེད་འོས་པ་ཞིག་རེད་ཅེས་བརྗོད་པ་རེད།
     ཕྱོགས་མང་པོས་ཀྲུང་གོའི་ཉམས་མྱོང་ལ་ བསྔགས་བརྗོད་བྱས་པ།
     དོན་དངོས་ཐོག་དབུལ་སྐྱོར་ལས་དོན་ཙམ་མ་ཟད། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལག་ལེན་ཧྲིལ་པོར་ཕྱོགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
     ཝང་དབྱིས་དབུ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཀྲུང་གོས་སློབ་གསོར་བརྩི་མཐོང་ཆེན་པོ་བྱེད་པ་རྩ་བར་བཟུང་ནས་2017ལོར་ཀྲུང་གོའི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་གསོ་ལེགས་གྲུབ་བྱུང་ཚད་100%ཟིན་པ་དང་། བདེ་ཐང་ཀྲུང་གོ་མགྱོགས་མྱུར་བསྐྲུན་ནས་དམངས་ཡོངས་ལ་སྨན་བཅོས་འགན་བཅོལ་གཞི་རྩའི་ཆ་ནས་ཁྱབ་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་2000ལོ་ནས་2017ལོ་བར་གོ་ལ་ཧྲིལ་པོའི་གསར་དུ་བསྣན་པའི་སྔོ་འགྱུར་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ནི་ཀྲུང་གོའི་རེད་ཅེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྲུང་གོ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་སྣེ་ཁྲིད་པ་རེད། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་ཁས་ལེན་ལག་བསྟར་བརྟན་པོ་བྱས་པ་དང་ལྷག་པར་དུ་དབུལ་ཕོངས་སེལ་བ་དང་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད། ཀྲུང་གོ་ཡང་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ཀྱི་འཆར་གཞི་སྟེ། 《པེ་ཅིང་བསྒྲགས་གཏམ》འབྱུང་ཡུལ་རེད། ཀྲུང་གོ་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་བྱ་གཞག་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བ་དང་། ཚོགས་གྲོན་འབུལ་མཁན་རྒྱལ་ཁབ་དང་ཞི་བདེ་སྲུང་སྐྱོང་གི་གྲོན་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་ཤོས་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་དམག་མི་གཏོང་མཁན་རྒྱལ་ཁབ་གལ་ཆེན་བཅས་རེད་ཅེས་བརྗོད་པ་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་དང་ནོར་སྲིད་ཐད་ནས་རྒྱབ་སྐྱོར་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་དང་བདེ་འཇགས་དང་། འགྲོ་བ་མིའི་ཐོབ་ཐང་། འཕེལ་རྒྱས་བཅས་ཀྱི་ཁྱབ་ཁོངས་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཐུན་སྦྱོར་དང་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད་པ་རེད།
     རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་གིས་ལྟ་ཚུལ་འདྲ་པོ་བརྗོད་ཅིང་། ཨ་རིའི་ཡེ་ལུ་སློབ་ཆེན་གྱི་ཅེ་ཁེ་ཤུན་གོ་ལ་ཧྲིལ་པོའི་ལས་དོན་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་སི་ཏི་ཧྥུན·ལོ་ཆིས་ཉེ་ཆར་འཛམ་གླིང་གི་ཚགས་པར་ལས་རིགས་ཀྱི་ཤིན་ཏི་ཅའི་དྲ་ཚུགས་ཐོག་སྤེལ་བའི་རྩོམ་ཡིག《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱུན་མཐུད་རང་བཞིན》ནང་། གནམ་གཤིས་འགྱུར་ལྡོག་བྱུང་བའི་དེང་སྐབས། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་དང་། འབུད་རྫས་ཀྱི་འབྱུང་ཁུངས་ལ་འགྱུར་ལྡོག འགྲིམ་འགྲུལ་གྱི་མ་ལག་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་རྣམ་པར་བརྟེན་ནས་གྲོང་ཁྱེར་ཅན་འཕེལ་རྒྱས་བཏང་བས་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་ལ་ཧྲིལ་པོར་ཁྲིད་སྟོན་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འདི་རྒྱལ་ཁབ་གཞན་དག་གིས་དོ་ཁུར་ནན་ཏན་བྱེད་འོས་པ་ཞིག་རེད་ཅེས་འཁོད་ཡོད། 
    (ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་འབྱོར་པའི་གློག་འཕྲིན)