མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་13ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

ཟླ་10ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་རྒྱ་གར་གྱི་ཅིན་ནའེ་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད། 
     ཞི་ཅིན་ཕིང་གིས་བཞུགས་སའི་གསོལ་མགྲོན་ཁང་ནས་རླངས་འཁོར་ལ་བཞུགས་ཏེ་མཱ་ཧ་པ་ལི་ཕུའུ་ལ་མོ་གནའ་བོའི་དགོན་པའི་ཚོགས་སུ་ཕེབས་ཤིང་། ལམ་བར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་པར་ཆེན་པོ་གང་སར་མཐོང་རྒྱུ་ཡོད་པ་དང་། ལས་རིགས་ཁག་གི་མང་ཚོགས་དང་གཞོན་ནུ་སློབ་མ་ཁྲི་ཚོ་དུ་མས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་འཕྱར་བཞིན་གཡས་གཡོན་ནས་ཕེབས་བསུ་ཞུས་ཤིང་། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་གཞོན་ནུ་ཕོ་མོ་ཚོས་སྤྲོ་སེམས་འཁོལ་པོས་རྔ་བརྡུངས་ཏེ་གླུ་ལེན་གར་འཁྲབ་བྱས། 
     མོ་ཏིས་འཛུལ་ས་ནས་ཕེབས་བསུ་ཞུས་ཏེ་ཞི་ཅིན་ཕིང་ཅིན་ནའེ་རུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས། ན་ནིང་ང་དང་སྐུ་ཞབས་ཙུང་ལི་ཝུའུ་ཧན་དུ་ལེགས་གྲུབ་ལྡན་པའི་ངང་མཇལ་འཛོམས་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱས་པ་ཡིན། ཁྱེད་ཀྱི་གདན་ཞུས་ལྟར་རྒྱ་གར་ལྷོ་ཕྱོགས་སུ་གནས་པའི་ཐའེ་སྨིར་ནཱ་ཏེ་མངའ་སྡེར་ཡོང་ནས་རྒྱ་གར་ལ་སྔར་བས་རྒྱུས་མངའ་ལོན་ཐུབ་པ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས། 
     མཱ་ཧ་པ་ལི་ཕུའུ་ལ་མོ་གནའ་བོའི་དགོན་པ་ནི་སྤྱི་ལོའི་དུས་རབས་7པ་ནས་8པའི་བར་བསྐྲུན་པ་དང་། ཨ་ཀྲོའུ་ནཱ་རྡོ་བརྐོས་དང་། འཐབ་འཁོར་ལྔའི་ལྷ་ཁང་། མཚོ་ངོགས་ལྷ་ཁང་སོགས་གནའ་ཤུལ་ལས་གྲུབ་ཡོད། མོ་ཏིས་ཞི་ཅིན་ཕིང་ལ་ཕེབས་རོགས་ཞུས་ཏེ་རེ་རེ་བཞིན་ལ་གཟིགས་སྐོར་དང་ཁོང་སྐུ་ངོ་མས་གསལ་འགྲེལ་བསྐྱོན་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཕེབས་ཀྱིན་དུ་བཀའ་མོལ་གནང་སྟེ་སྤེལ་རེས་གཏིང་ཟབ་གནང་ནས་ཤེས་དཔལ་ཐད་ཀྱི་གླེང་མོལ་དང་ཕན་ཚུན་མྱོང་ལེན་སྐོར་གླེང་བ་རེད། 
     ཞི་ཅིན་ཕིང་གིས། ཐའེ་སྨིར་ནཱ་ཏེ་མངའ་སྡེ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་ཐད་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གནའ་སྔ་མོ་ནས་ཀྲུང་གོ་དང་མཚོ་ཐོག་ཚོང་དོན་འབྲེལ་བ་དམ་ཟབ་ཡོད་ལ་གནའ་བོའི་དར་གོས་ལམ་བུའི་མཚོ་ཐོག་དངོས་ཟོག་གི་བར་བརྒྱུད་ས་ཚིགས་ཤིག་ཀྱང་རེད། ཀྲུང་གོ་དང་རྒྱ་གར་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་རེས་ད་ལྟའི་བར་རྒྱུན་བསྐྱངས་ཡོད། རྒྱལ་ཁབ་གཉིས་པོའི་མེས་པོས་འགོག་རྐྱེན་དུ་མ་ཁྱད་དུ་བསད་དེ་སྤེལ་རེས་རྒྱ་ཁྱབ་བྱས་པ་དང་། རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། ཆོས་ལུགས་བཅས་འཕེལ་རྒྱས་དང་བརྒྱུད་སྤེལ་ལ་སྐུལ་འདེད་བཏང་བས་ཕྱོགས་གཉིས་ཀར་ཕན་པ་མང་པོ་ཐོབ་ཡོད། ཀྲུང་གོ་དང་རྒྱ་གར་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཐད་གཏིང་ཤུགས་མང་པོ་སྔོག་འདོན་བྱ་རྒྱུ་ཡོད། ཕྱོགས་གཉིས་པོས་དུས་སང་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་མི་ཆོས་རིག་གནས་སྤེལ་རེས་བྱེད་པ་དང་། ཐུན་མོང་ཐོག་ཤེས་དཔལ་མི་འདྲ་བའི་དབར་གྱི་གླེང་མོལ་སྤེལ་རེས་ལ་སྣེ་ཁྲིད་དང་སྐུལ་སྤེལ་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་དེ་བས་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྣན་ནས་ཨེ་ཤེ་ཡའི་ཤེས་དཔལ་གྱི་འོད་སྟོང་འབར་བའི་ལེའུ་མུ་མཐུད་རྩོམ་དགོས་ཞེས་གསུངས་པ་རེད། (པར་ངོས་གཉིས་པར་གཟིགས)
     མོ་ཏིས། ང་ཚོ་གནས་ཡུལ་གྱི་གནའ་བོའི་དགོན་པ་འདི་དག་ནི་རྒྱ་གར་རིག་གནས་ཀྱི་ཤུལ་བཞག་དང་སྐྲུན་དངོས་ཀྱི་ཚབ་བྱེད་ཁྱད་འཕགས་ཤིག་ཡིན་ལ་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་དུས་རབས་བཅུ་ཕྲག་བརྒྱུད་ནས་ཤེས་དཔལ་སྤེལ་རེས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲེལ་བའི་དཔང་པོ་བྱས་ཡོད། ལོ་ངོ་སྟོང་ཕྲག་རིང་གི་འཕེལ་རྒྱས་བརྒྱུད་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ད་ཆ་གསར་དར་དཔལ་འབྱོར་སྒྲིག་གཞི་གལ་ཆེན་དུ་གྱུར་པ་དང་། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ལ་གོ་ལ་ཧྲིལ་པོའི་ཡར་ཐོན་དར་རྒྱས་ལའང་སྐུལ་མ་ཐེབས་ངེས་རེད། རྒྱ་གར་དང་ཀྲུང་གོའི་ཤེས་དཔལ་རྒྱུན་རིང་ལ་གཏིང་ཟབ་པའི་ཁར་དེའི་ནང་འདུས་པའི་བློ་གྲོས་ཀྱིས་དེང་གི་འཛམ་གླིང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་སེལ་བར་བློ་སྒོ་འབྱེད་ཐུབ་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མོ་ཏིའི་ཕེབས་རོགས་འོག་རྒྱ་གར་གྱི་གནའ་བོའི་ཤེས་དཔལ་མཚོན་པའི་བྷ་ར་ཏའི་ཞབས་བྲོ་སོགས་གནའ་བོའི་ཞབས་བྲོར་གཟིཌ་པ་རེད། 
     ཞི་ཅིན་ཕིང་དང་མོ་ཏིས་ཀྲུང་གོ་དང་རྒྱ་གར་གྱི་རྒྱལ་ནང་གི་འཕེལ་རྒྱས་སྐོར་བཀའ་མོལ་ལྷུག་པོར་གླེང་ཁར་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་དང་། ཀྲུང་གོ་དང་རྒྱ་གར་གྱི་ཤེས་དཔལ་ཆེན་པོ་གཉིས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

  
style="display:none;"