འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎བོད་ཀྱི་འབྲོག་མོ་ཞིག་ནས“མཁའ་འགྲོ་མ”ཞིག་ཏུ་འགྱུར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
སྤྱན་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།(ཟླ་8ཚེས་7ཉིན་པར་ལེན་པ་བྱས།)
སྤྱན་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།(ཟླ་8ཚེས་7ཉིན་པར་ལེན་པ་བྱས།)
     མི་དམངས་དྲ་བའི་འཕྲིན། མཚོ་བོད་ས་མཐོ་དེར་སྐབས་ཤིག་རིང“འཕུར་སྐྱོད་ཀྱི་བཀག་སྡོམ་ཁུལ”ཞེས་བརྗོད་ཀྱི་ཡོད་ལ། ཐད་འཕུར་གནམ་གྲུ་གཏོང་རྒྱུར་དཀའ་གནད་ཧ་ཅང་ཆེན་པོ་ཡོད། ད་ཆ་དཀའ་སྤྱད་སྦྱོང་བརྡར་བྱས་པ་བརྒྱུད་བོད་རིགས་གཞོན་ནུ་ཁག་དང་པོས་དམངས་སྤྱོད་ཐད་འཕུར་གནམ་གྲུ་བཏང་ནས་ཇོ་མོ་གླང་མའི་སྒར་ས་ཆེན་མོར་བསྐྱོད་ཀྱི་ཡོད་པ་རེད།
    སྤྱན་རབ་ཡེ་ཤེས་ནི་བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་པའི་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡོང་བ་ཞིག་ཡིན། ད་བར་སློབ་གྲྭ་འགྲིམ་པ་ཕུད་ཁོ་མོའི་འཚོ་བ་ནི་རང་ཁྱིམ་གྱི་ནོར་ལུག་འཚོ་བ་དང་། བལ་འབྲེག་པ། མར་དཀྲོག་པ་བཅས་ཡིན་པས། འབྲོག་པ་ཕལ་བའི་འཚོ་བ་ལྟར་སྐྱེལ་གྱི་ཡོད། ཁོ་མོ་ཤོག་བུའི་གནམ་གྲུ་བཟོ་རྒྱུར་དགའ་པོ་ཡོད་ཅིང་། རྩྭ་ཐང་ཐོག་རླུང་ལ་བརྟེན་ནས་འཕུར་དུ་བཅུག་གི་ཡོད། “ཉིན་ཞིག་ངས་ཁྱོད་ཚོ་ཁྲིད་ནས་ནམ་མཁའ་ནས་ང་ཚོའི་རྩྭ་ཐང་ལ་ལྟ་རུ་འཇུག་གི་ཡིན”ཞེས་ཆུང་དུས་ཆིག་ལབ་རྒྱག་ནས་བཤད་པའི་སྐད་ཆ་དེས་ཁོ་མོ་དང་ནམ་མཁའི་དབར་ཤེས་ཚོར་མེད་པའི་ངང་ལས་འབྲེལ་ཆགས་པ་རེད། འོན་ཀྱང་སྤྱན་རབ་ཡེ་ཤེས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་ནས་འཕུར་སྐྱོད་པ་ངོ་མ་ཞིག་ཏུ་འགྱུར་བ་ནི་བསམ་ཡང་མ་ཕོད་པ་ཞིག་རེད།
     2016ལོར་ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་སྦྱོང་བྱེད་བཞིན་པའི་སྤྱན་རབ་ཡེ་ཤེས་ལ་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ཁ་པར་ཞིག་འབྱོར་བ་སྟེ། ཀུང་སི་ཞིག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་ཁྲོད་ནས་འཕུར་སྐྱོད་པ་བདམས་རྒྱུ་ཡིན་པས་ཁོ་མོ་ངོ་རྒྱུགས་ནང་ཞུགས་དགོས་ཟེར་བས། “ངས་རང་ཉིད་ཀྱི་རྣ་བར་ཡིད་མ་ཆེས་པར་འཕུར་སྐྱོད་པའི་གསོ་སྦྱོང་གི་འགྲོ་གྲོན་མཐོ་ལ། གོ་སྐབས་ཡག་པོ་འདི་འདྲ་ང་ལ་ཐོབ་ག་ལ་སྲིད་ཅེས་བརྗོད་པ་ཡིན།”
     སྤྱན་རབ་ཡེ་ཤེས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་མཁན་ནི་ཅང་སུའུ་ནོའར་ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བཙུགས་པའི་ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་ཡིན་པ་དང་། ཀུང་སི་དེས་གཙོ་བོ་ཛ་དྲག་གི་རོགས་སྐྱོབ་དང་། སྨན་བཅོས་སྲོག་སྐྱོབ། ཁོར་ཡུག་སྲུང་སྐྱོང་། མཁའ་དབྱིངས་ནས་ལྟ་སྐོར། ལམ་ཐུང་སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་སྤེལ་གྱི་ཡོད་པ་རེད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱ་ཆེད། ཀུང་སིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་གནད་སྨིན་དབུལ་སྐྱོར་བྱ་ཡུལ་གྱི་བུ་ཕྲུག་ཁྲོད་ནས་འཕུར་སྐྱོད་པ་16དང་གནམ་གྲུའི་ལས་དོན་པ་12ལས་ཀར་བཅུག་པ་དང་འབྲེལ་ནོའར་མཁའ་འགྲུལ་སུའུ་ཀྲོའུ་རྟེན་གཞིས་གསོ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
    རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བཅུ་ལྷག་ཙམ་སློབ་སྦྱོང་བྱེད་པ་ཕུད་ཆུ་ཚོད་བརྒྱ་ཕྲག་གི་ཚད་གཞི་མཐོ་བའི་སྦྱོང་བརྡར་བྱས་པ་བརྒྱུད་སྤྱན་རབ་ཡེ་ཤེས་ཀྱིས་ལོ་གཅིག་གི་དུས་ཚོད་སྤྱད་དེ་འཕུར་སྐྱོད་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱས་ནས་ཚོང་སྤྱོད་ཐད་འཕུར་གནམ་གྲུ་གཏོང་ཆོག་པའི་ལག་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བླངས་པ་རེད། སྤྱན་རབ་ཡེ་ཤེས་ཀྱིས“འཕུར་སྐྱོད་པ་ཞིག་གསོ་སྐྱོང་བྱེད་པའི་མ་གནས་ཧ་ཅང་མཐོ་ལ། མི་རེར་སྒོར་ཁྲི་བརྒྱ་ལྷག་ཙམ་གྱི་གསོ་སྦྱོང་གྲོན་དངུལ་ཚང་མ་སྲིད་གཞུང་དང་ཁེ་ལས་ཀྱིས་འགན་འཁུར་གྱི་ཡོད། འདིས་ང་དང་ངའི་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་བཏང་སོང”ཞེས་བརྗོད་པ་དང་། “ཐེངས་ཤིག་ངས་ཐད་འཕུར་གནམ་གྲུ་བཏང་ནས་འདམ་གཞུང་དུ་ལས་འགན་སྒྲུབ་པར་སྐྱོད་སྐབས་ཡུལ་མི་ཚོས་ང་ནི་གནམ་སྔོན་པོར་འཕུར་བའི་མཁའ་འགྲོ་མ་དང་འདམ་གཞུང་གི་སྤོབས་པ་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བརྗོད།
【1】  【2】  【3】  【4】  【5】  【6】  【7】
༄༅༎བོད་ཀྱི་འབྲོག་མོ་ཞིག་ནས“མཁའ་འགྲོ་མ”ཞིག་ཏུ་འགྱུར་བ།