འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲེང་ཀྲང་གཞོན་པ་ཕེང་ཡུས་ཤིན་གྱིས་སྒྲིག་འགལ་
ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་སྲིད་དོན་གོ་གནས་ནས་ཕྱིར་འཐེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སུ་ཚེས་10ཉིན་གནས་ཚུལ་སྤེལ་བར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲེང་ཀྲང་གཞོན་པ་ཕེང་ཡུས་ཤིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་དོན་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
     བརྟག་དཔྱད་བྱས་པ་བརྒྱུད། ཕེང་ཡུས་ཤིན་ལ“འདུ་ཤེས་བཞི”དང་ཏང་གཤིས་ཀྱི་རྩ་དོན་སྤུ་ཙམ་ཡང་མེད་ལ་ཏང་གི་མཐོ་རིམ་ལས་བྱེད་པའི་ཆབ་སྲིད་ཀྱི་ལྷག་བསམ་ཟོལ་མེད་དང་ཆབ་སྲིད་ཀྱི་གོ་རྟོགས་གཏན་ནས་མེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་གཏན་འབེབས་ལས་འགལ་ནས་ཚོགས་པ་དབྱེ་སྟེ་ཕྱི་རྒྱལ་དུ་ཡུལ་སྐོར་དུ་བསྐྱོད་པ་དང་། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་གསོལ་སྟོན་དང་ཞག་སྡོད་སྣེ་ལེན་སྒྲིག་འཛུགས་དང་དེའི་ནང་ཞུགས་པ། གཞུང་དོན་དྲང་བཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱས་པ། ཚད་གཞི་ལས་འགལ་བའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་པ། དབང་ཆར་བརྟེན་ནས་སྒེར་ཕན་བསྒྲུབས་པ་དང། གཞན་གྱི་རྒྱུ་ནོར་བླངས་པ། སྤྱི་པའི་རྒྱུ་ནོར་ཧམ་ཟ་བྱས་པ། སྒྲིག་འགལ་ངང་རྣམ་གྲངས་ཀྱི་ཞིབ་དཔྱད་ལ་ཐེ་ཇུས་བྱས་པ་བཅས་བྱས་ཡོད་པ་རེད།
     ཕེང་ཡུས་ཤིན་གྱི་བྱེད་སྤྱོད་ཏང་གི་སྒྲིག་ཁྲིམས་ལས་འགལ་བ་དང་འབྲེལ་ལས་ཐོག་ཁྲིམས་འགལ་ཡང་གྲུབ་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མི་བསྐུམ་པས་ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད། ཡིན་ནའང་ཕེང་ཡུས་ཤིན་གྱིས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་ལས་གནད་དོན་ཁག་གཅིག་རྩ་འཛུགས་ཀྱིས་དེ་སྔ་ཤེས་རྟོགས་མ་ཐུབ་པ་ཡིན་པ་དང་སྒྲིག་འགལ་ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་རང་འགུལ་ངང་གོང་ཕུལ་ཞུས་པས་ངོས་ལེན་དང་འགྱོད་བཤགས་ཀྱི་རྣམ་འགྱུར་ཅུང་ལེགས་པར་གཞིགས་ནས་ཆད་པ་ཡང་བ་དང་ཉུང་བ་གཅད་ཆོག་གི་ཡོད་པ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་གནང་རྒྱུར་སྙན་སེང་ཞུས་པ་བརྒྱུད་ཕེང་ཡུས་ཤིན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པའི་སྲིད་དོན་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཆད་པ་བཅད་དེ་རིམ་པ་བཞི་པའི་བརྟག་ཞིབ་པའི་རིམ་པར་ཕབ་པ། སྐབས་བཅུ་གཅིག་པའི་སི་ཁྲོན་ཞིང་ཨུད་ཀྱི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་མེད་པ་བཟོས་པ། སྒྲིག་འགལ་ཁྲིམས་འགལ་ངང་ཐོབ་པའི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་བཅས་རེད།