འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎ཧ་སག་སི་ཐན་གྱི་རྒྱལ་སར་ཀྲུང་གོའི་ཁྱད་ཆོས་མྱོང་རོལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཧ་སག་སི་ཐན་གྱི་རྒྱལ་ས་ནུར་སུའུ་ཏན་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་དབུས་རྒྱུད་དུ་གནས་པ་དང་། དེ་གར་ཡངས་ཤིང་ཁོད་སྙོམས་པའི་རྩྭ་ཐང་མུ་མཐའ་མེད་པ་དང་། རིང་ཚད་ལ་སྤྱི་ལེ་འགའ་ཡོད་པ་དང་མིང་ལ“འོད་ཟེར་ལམ”ཟེར་བའི་གྲོང་ཁྱེར་གྱི་དཀྱིལ་མདའི་ལམ་ཐིག་གིས་ཙུང་ཐུང་ལས་ཤག་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། རང་བཙན་ཕོ་བྲང་སོགས་དེང་རབས་ཅན་གྱི་བཟོ་སྐྲུན་མཉམ་དུ་སྦྲེལ་ཞིང་། གསར་འགོད་པས་དཀྱིལ་མདའི་ལམ་ཐིག་བརྒྱུད་རྩད་འཚོལ་བྱེད་སྐབས། སྐྱེ་སྟོབས་འབར་བའི་ཨེ་ཤེ་ཡ་དབུས་རྒྱུད་ཀྱི་གྲོང་ཁྱེར་དེར་ཀྲུང་གོའི་ཁྱད་ཆོས་མང་པོ་དེ་ལྟ་བུ་ཡོད་པར་ཧང་སངས་བྱུང་།
     ཧ་སག་སི་ཐན་གྱི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་དེ་ཡིན་ཞིང་། ཉེ་ཆར། “ལོ་ངོ་བདུན་ཅུ་ཡི་འོད་སྟོང་འབར་བའི་གྲུབ་འབྲས — ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན”དེ་གར་གཉེར་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་ལྟད་མོ་ཆེ་བའི་པར་རིས་བརྒྱ་ལྷག་ཙམ་ལས“ཀྲུང་གོ་མི་དམངས་ཡར་ལངས་པ”དང་། “སྒྱུར་བཅོས་ཀྱི་དཔྱིད་རླུང་ཁྲོད”“འབད་འབུངས་སྟོབས་བརྩོན་གྱི་དུས་རབས་གསར་པ”བཅས་བརྗོད་དོན་གཙོ་བོ་གསུམ་ལ་བརྟེན་ནས་ལྟད་མོ་བར་ལོ་ངོ་བདུན་ཅུ་རིང་གི་ཀྲུང་གོའི་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་བསྐྱར་སྟོན་བྱས་ཡོད།
     འགྲེམས་སྟོན་ལ་ལྟ་མཁན་ཡུལ་དེའི་གྲོང་མི་ཡེ་ཁ་ཅེ་ལིན་ན་ཁོའོ·ལུའོ་ཐེ་ཅི་ཧེས་གསར་འགོད་པར“རྩ་ཆེའི་བརྙན་པར་དཔྱད་གཞི་ལས་ང་ཚོས་ང་ཚོའི་ཁྱིམ་མཚེས་སྔར་བས་ཤེས་རྟོགས་ཐུབ་པ་དང་། ཀྲུང་གོའི་ལོ་རྒྱུས་དང་གྲུབ་འབྲས་ཤེས་རྟོགས་ཐུབ་པ་བྱས་ཡོད”ཅེས་བཤད།
     ལོ་རྒྱུས་དང་དངོས་ཡོད་ཟུང་དུ་འབྲེལ་བའི་རྟེན་རྫས་བཤམས་མཛོད་ཁང་དེར་གནའ་བོའི་དར་གོས་ལམ་བུའི་རྗེས་ཤུལ་མང་པོ་ཡོད་པ་མ་ཟད། ཀྲུང་ཧའི་མི་དམངས་ཀྱིས་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་དར་གོས་ལམ་བུའི་ལོ་རྒྱུས་ཀྱང་བདེན་དཔང་བྱས་ཡོད།
     རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དང་བར་ཐག་མི་རིང་བའི་སར། “པེ་ཅིང་ཁང་ཆེན”ཞེས་པའི་ཐོག་སོ་26ཡོད་པའི་བཟོ་སྐྲུན་ཞིག་མངོན་གསལ་ཧ་ཅང་དོད་པོ་ཡོད་པ་དང་། ཐོག་ཁང་མདུན་གྱི་ཤིང་ལས་གྲུབ་པའི་རྒྱལ་སྒོ་སྔོན་པོ་དང་ཀྲུང་ལུགས་ཐོག་ཁང་རྣམ་པའི་འཁྱིལ་འཁོར་ཟ་ཁང་དེར་ཤར་ཕྱོགས་ཀྱི་ཉམས་འགྱུར་ཆེན་པོ་ལྡན་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་འགོ་དང་ཧ་སག་སི་ཐན་གྱི“འོད་ཟེར་ལྡན་པའི་ལམ་བུའི”དཔལ་འབྱོར་གྱི་སྲིད་ཇུས་གསར་པ་རྒྱ་ཁྱབ་ངང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། སྐད་གྲཌ་ཆེན་པོ་ལྡན་པའི་ཨར་ཁང་དེས་ཀྲུང་ཧ་འགྲོ་འོང་ཉིན་བཞིན་ཟབ་ཏུ་འགྲོ་བ་བདེན་དཔང་ཐུབ་ཡོད།
     ད་ཆ་ཀྲུང་གོ་འདི་ཉིད་ཧ་སག་སི་ཐན་གྱི་ཚོང་དོན་རོགས་ཟླ་ཆེན་པོ་གཉིས་པ་དང་མ་འཇོག་འབྱུང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོར་གྱུར་པ་དང་། 2018ལོར་ཀྲུང་ཧའི་དཔལ་འབྱོར་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་200ཙམ་ཟིན་པ་དེ་དུས་མཚུངས་ལས་10.4%འཕར་བ་རེད།
     དཀྱིལ་མདའི་ལམ་ཐིག་གི་ཆེས་ལྷོ་སྣེར། 2017ལོའི་འཛམ་གླིང་དངོས་མང་སྟོན་ཚོགས་འཚོགས་ཡུལ་གྱི་གཞོགས་ཤིག་ཏུ། ནུར་སུའུ་ཏན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོང་ར་སྟེ། དར་གོས་ལམ་བུའི་ཟོག་ཉོ་ལྟེ་གནས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རྒྱུན་ཆད་རྒྱུ་མེད། ཚོང་རའི་ནང་ཀྲུང་གོའི་ཚོང་ཟོག་གང་སར་མཐོང་རྒྱུ་ཡོད། གསར་འགོད་པས་ཧྭ་ཝེ་དང་། ཞའོ་སྨི། ཏ་ཅང་སོགས་ཀྲུང་གོའི་ཀུང་སིའི་ཐོན་རྫས་གསར་པ་ཚོང་སྒྲོམ་ཐོག་བསྒྲིགས་པ་མཐོང་བྱུང་ལ། ཀྲུང་གོའི་རྒྱུན་མཁོའི་དངོས་ཟོག་སྣ་ཚོགས་དང་། བྱིས་པའི་རྩེད་ཆས། གྱོན་གོས་དང་། ལྷམ། ཞྭ་མོ་བཅས་ཧ་སག་སི་ཐན་གྱི་འཛད་སྤྱོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
     ཟླ་འདིར། ཀྲུང་ཧ་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་དད་སེམས་དེ་བས་མི་སེམས་སུ་ཟུག་ནས། ཡུན་རིང་མ་སོང་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངོས་ཟོག་དེ་བས་མང་བ་རྩྭ་ཐང་གི་གྲོང་ཁྱེར་དེར་འདོན་རྒྱུ་རེད།