མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། མི་རིང་བའི་གོང་། ཀྲུང་སོ་རྒྱལ་ཁབ་གཉིས་པོས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་དངོས་སུ་བཙུགས་ཡོད། འདི་ནི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་བཟང་པོ་ཞིག་ཀྱང་ཡིན། ཁྱེད་རང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། སོ་ལོ་མོན་གླིང་ཚོམ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་མ་ཐག་རེད། ཡིན་ནའང་མཛའ་གྲོགས་ལ་སྔ་རྗེས་ཀྱི་གོ་རིམ་མེད། ཕྱི་འབྲེལ་བཙུགས་ནས་མཉམ་ལས་ཡག་པོ་བྱས་ཚེ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡོང་སྲིད། ང་ཚོས་སོ་ལོ་མོན་གླིང་ཚོམ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་རྒྱ་སྐྱེད་ཧུར་ཐག་གཏོང་བ། འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། སོ་ལོ་མོན་གླིང་ཚོམ་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ལྷོ་ཕྱོགས་སྣུར་སྲིང་ས་རྒྱུད་དུ་གནས་ཡོད། རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་རྒྱུ་གོ་སྐབས་སུ་བཟུང་སྟེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སོ་ལོ་མོན་གླིང་ཚོམ་ཕྱོགས་ཀྱི་དམངས་འཚོའི་ཆུ་ཚད་མཐོ་རུ་དང་རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། ཕྱི་འབྲེལ་བཙུགས་རྗེས། སོ་ལོ་མོན་གླིང་ཚོམ་དེ་ཉིད་ཀྲུང་གོའི་སྤྱི་དམངས་རྒྱལ་ཁོངས་སྒྲོལ་བའི་ཡུལ་སྐོར་གྱི་དམིགས་སའི་རྒྱལ་ཁབ་ཞིག་ཏུ་གྱུར་ཡོད། དེས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་། ས་གནས་དབར་སྤེལ་རེས། ཡུལ་སྐོར་མཉམ་ལས་བཅས་ལ་གོ་སྐབས་ཧ་ཅང་ཆེན་པོ་བྱུང་ཡོད།

  
style="display:none;"