འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱི་སྒོ་བསྟེན་སྨན་རིན་དམའ་རུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་9ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་སྨན་བཅོས་ནས་འགོ་བཙུགས་ཏེ། འགན་བཅོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱི་སྒོ་བསྟེན་སྨན་རིན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རེད།
     ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སོགས་སྡེ་ཚན་བཞིས་མཉམ་དུ《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱི་སྒོ་བསྟེན་སྨན་བཅོས་འགན་བཅོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།
     ཚོད་རྩིས་བྱས་པར་གཞིགས་ན། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲོད་ནས་དུང་ཕྱུར་3ལྷག་ཙམ་ལ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་ཡོད་པ་རེད། མིག་སྔར། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚོའི་སྒོ་བསྟེན་སྨན་རིན་ད་ཡོད་ཀྱི་སྒོ་བསྟེན་སྨན་ཁང་དཀྱུས་མའི་སྤྱི་འདོམས་དང་གཅོང་ནད་དང་དམིགས་བསལ་ནད་སྒོ་བསྟེན་སྨན་བཅོས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ནས་དེ་འཚམ་གྱི་འགན་བཅོལ་ཐོབ་མོད། འོན་ཀྱང་སྨན་ཁང་དུ་སྡོད་མི་དགོས་པའི་སྒོ་བསྟེན་གྱི་གཅོང་ནད་འགའ་ཞིག་བཅོས་པར་སྤྱིར་ན་སྒོ་བསྟེན་གྱི་རྩིས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་མེད། ནད་པ་ཉུང་ཤས་ལ“ནད་གཞི་ཆུང་རུང་སྨན་རིན་མང་པོ་གཏོང་དགོས་པ”དང་། “ནད་གཞི་ཆུང་རུང་སྨན་བཅོས་ཆེན་པོ་བྱེད་པ” “སྨན་ཁང་དུ་སྡོད་རྒྱུར་འཚང་ཁ་རྒྱག་པ”སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད།
     རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཅིན་ཕུའུ་ཡིས། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོང་མིའི་ཁྲོད་ཀྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་འགའ་ཞིག་གི་སྒོ་བསྟེན་སྨན་རིན་གྱི་དགོས་མཁོར་དམིགས་ཏེ། དེ་བས་དམིགས་སའི་རང་བཞིན་ཡོད་པའི་སྲིད་ཇུས་ཀྱི་བྱེད་ཐབས་བཏོན་པ་དེ་ནི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོང་མིའི་ད་ཡོད་ཀྱི་སྒོ་བསྟེན་འགན་བཅོལ་སྲིད་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་ཞིག་རེད། ལས་བཟོའི་སྨན་བཅོས་འགན་བཅོལ་ཐད་སྔར་བཞིན་ད་ཡོད་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད།
     དེ་དང་ཆབས་ཅིག བསམ་འཆར་ནང་གཏོང་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་སྒོ་བསྟེན་སྨན་རིན་གྱི་ཡུན་རིང་སྨན་ཐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཕུང་གསུམ་པའི་སྨན་རྫས་སྡེབ་སྐྱེལ་ལམ་སྲོལ་འཚོལ་ཞིབ་བྱེད་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་ཚན་ཁག་ཚང་མའི་སྨན་པ་དཀའ་བཅུ་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། བདེ་ཐང་སློབ་གསོ་དང་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་འགོག་བཅོས་བྱེད་པ་སོགས་ལེ་ལག་ཚང་བའི་སྒྱུར་བཅོས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད་ཅེས་བཏོན་ཡོད།