མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་བ་རེད།

ཟླ་10ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་འགྱུར་མེད་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་མཐུན་ཐོག་མཐའ་བར་གསུམ་དུ་ཕ་བོང་ལྟར་སྲ་ཞིང་བརྟན་པོ་ཡིན། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མཉམ་ལས་རྒྱུན་མི་ཆད་པར་རྒྱ་སྐྱེད་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་གྱི་དམིགས་བསལ་གྱི་གནས་སུ་འཇོག་རྒྱུ་ཡིན་ལ། ཕ་ཁི་སི་ཐན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཐབ་ཇུས་མཉམ་ལས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པར་སྔར་བས་དམ་ཟབ་གྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད། 
      ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན། ང་ཚོས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་རབ་དང་རིམ་པ་སྤེལ་ཡོད་ཅིང་། དེའང་རྒྱལ་གཅེས་རིང་ལུགས་ཀྱི་གཅིག་སྡུད་སློབ་གསོ་ཞིག་ཡིན། མི་གྲངས་དུང་ཕྱུར་14ལ་ཉེ་བའི་ཀྲུང་གོའི་མི་དམངས་ཀྱིས་སེམས་པ་སྔར་ལས་ལྷག་པར་གཅིག་ཏུ་སྒྲིལ་བ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བས། ང་ཚོས་དཀའ་ངལ་ཐམས་ཅད་ཁྱད་དུ་བསད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྐྱོད་པ་དང་། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། འཛམ་གླིང་མི་རིགས་ཀྱི་གྲས་སུ་གཞི་འཛུགས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གྱུར་ཡོད། ཀྲུང་གོར་དཀའ་ངལ་འཕྲད་སྐབས་ཕ་ཁི་སི་ཐན་གྱི་གྲོགས་པོ་ཚོས་སྒེར་སེམས་མེད་པའི་རོགས་རམ་བྱས་མྱོང་ལ། ད་ཆ་ཀྲུང་གོར་འཕེལ་རྒྱས་བྱུང་ཡོད་པས། ཕ་ཁི་སི་ཐན་ཕྱོགས་སྔར་བས་འཕེལ་རྒྱས་ཡོང་བར་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་དང་དེ་བས་དམ་ཟབ་ཀྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་ལངས་ཕྱོགས་མཐུན་སྦྱོར་བྱེད་དགོས། ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ད་ཡོད་ཀྱི་ནུས་རྒྱུ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། ཐོན་ལས་གླིང་ཁུལ། དམངས་འཚོའི་ལས་གཞི་བཅས་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ནས་བར་ཁྱམས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དཔེ་སྟོན་འདུ་འགོད་ཅིག་ཏུ་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་བརྩོན་པ་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས། 
     དབྱི་མུའུ་ལན་ཧན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་པ་ལ། ཀྲུང་གོའི་གྲོགས་པོ་བློས་ཐུབ་ཞིག་ཡིན་པའི་ཆ་ནས། ཕ་ཁི་སི་ཐན་སེམས་གཏིང་ནས་དགའ་པོ་བྱུང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ག་དུས་ཡིན་ཡང་རྩ་དོན་མཐའ་འཁྱོངས་དང་དྲང་གཞག་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕ་ཁི་སི་ཐན་ལ་རྒྱབ་སྐྱོར་དང་སྒེར་སེམས་མེད་པར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཕ་ཁི་སི་ཐན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་འགྱུར་མེད་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱེད་ཡོད་པ་དང་ཕ་ཀྲུང་གི་མཛའ་མཐུན་མི་སེམས་གཏིང་ལ་ཟུག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཐུན་མོང་ཐོག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     དབྱི་མུའུ་ལན་ཧན་གྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་མིག་སྔའི་ཀ་སྨིར་གྱི་དུས་བབ་ལ་འཛིན་པའི་ལྟ་སྟངས་ངོ་སྤྲོད་བྱས་པ་དང་ནུས་ཤུགས་ཡོད་རྒུས་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བ་དང་དུས་བབ་ཚོད་མི་ཟིན་པ་སྔོན་འགོག་བྱ་རྒྱུའི་རེ་འབོད་བྱས་པ་དང་འབྲེལ་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གཞུང་དྲང་དང་དྲང་བདེན་གྱི་ལངས་ཕྱོགས་བཟུང་བ་ལ་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀ་སྨིར་གྱི་དུས་བབ་ལ་དོ་ཁུར་བྱེད་ཀྱི་ཡོད་ཅིང་། འབྲེལ་ཡོད་གནས་ཚུལ་གྱི་བདེན་རྫུན་དྲང་འཁྱོག་གསལ་པོ་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། འབྲེལ་ཡོད་ཕྱོགས་ཁག་གིས་ཞི་བའི་གླེང་མོལ་བརྒྱུད་རྩོད་གཞི་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     དབྱང་ཅེ་ཁྲི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཕྲད་ནང་ཞུགས་ཡོད། 

  
style="display:none;"