འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎ཀན་སུའུ་ཡི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་ལས་གྲྭ་ཚང་མ་སྐྲུན་ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། ཀན་སུའུ་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་ལས་གྲྭ་ཚང་མ་སྐྲུན་ཟིན་ཡོད། དེ་ཐོག་ནས་ཀན་སུའུ་ཡི་གྲོང་གསེབ་ཀྱི་གློག་དྲའི་རིམ་པ་མཐོ་རུ་ཕྱིན་པ་མཚོན་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར“གློག་སྤྱོད་རྒྱུ་བྱུང་བ”ནས“གློག་ཡག་པོ་སྤྱོད་རྒྱུ་བྱུང་བའི”བར་འགྱུར་ལྡོག་བྱུང་ཡོད།
     ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལག་རོགས་ཀྲང་ཅན་མིང་གིས་ངོ་སྤྲོད་བྱས་དོན། ཀན་སུའུ་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་ལས་གྲྭ་ནི་རྒྱལ་ཁབ་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི(2018ལོ་ནས་2020ལོ་བར)རྣམ་གྲངས་གལ་ཆེན་ཞིག་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་། ཉིང་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་བཅས་དང་དེ་བཞིན་ཤིན་ཏུ་དབུལ་བའི་ས་ཁུལ་གཞན་དག་བཅས་ཀྱི་མང་ཚོགས་ཁྲི་166དང་འབྲེལ་བ་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་འདིར་ཆན་ཧྥུའུ་35དང་དེ་ཡན་གྱི་གློག་སྒྱུར་ས་ཚིགས་18གསར་སྐྲུན་སྒྱུར་བཀོད་བྱས་པ་དང་། གློག་སྒྱུར་གྱི་གློག་སྐུད་སྤྱི་ལེ་ཁྲི་1.8ལྷག་ཙམ་གསར་དུ་ཁྲིད་པ། གློག་སྒྱུར་གྱི་གློག་གནོན་སྒྱུར་ཆས་ཁྲི་1.3ལྷག་ཙམ་གསར་དུ་སྒྲིག་སྦྱོར་བྱས་པ། ཤོང་ཚད་ཆན་ཧྥུའུ་ཨན་ཁྲི་133.7གསར་དུ་བསྣོན་པ་བཅས་བྱས་ཡོད། ལས་གྲྭས་ཀན་སུའུ་ཡི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་གསེབ་གློག་དྲ་ནས་གློག་བརྟན་པོའི་ངང་མཁོ་འདོན་བྱེད་ཚད་99.83%བར་མཐོ་རུ་ཕྱིན་པ་དང་། ཕྱོགས་བསྡུས་གློག་གནོན་གྱི་ཚད་གཞི་ལོན་ཚད་99.61%བར་མཐོ་རུ་ཕྱིན་པ། དུད་ཚང་རེའི་ཆ་སྙོམས་གློག་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་1.5ནས་ཆན་ཧྥུའུ་ཨན་2.5བར་འཕར་ནས། གློག་མཁོ་འདོན་གྱི་དམིགས་ཚད་གཙོ་བོ་ཚང་མ་རྒྱལ་ཁབ་ཀྱི་གྲོང་གསེབ་འཆར་འགོད་ཀྱི་དམིགས་ཚད་དུ་སླེབས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་འདི་2018ལོའི་ཟླ་བཅུ་གཅིག་པར་ལས་འགོ་བཙུགས་པ་དང་། ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ་དང་ཨར་ལས་ཀྱི་དུས་ཚོད་ཐུང་བ་བཅས་རེད། གློག་ཤུགས་འཛུགས་སྐྲུན་པ་9000ལྷག་ཙམ་གྱིས་ས་དབྱིབས་རྙོག་འཛིང་ཆེ་བ་དང་། གནམ་གཤིས་འགྱུར་ལྡོག་ཆེ་བ། མཐོ་གྲང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཟླ་བ་གསུམ་གྱི་སྔ་སྣུར་དུ་ལས་མཇུག་འགྲིལ་བ་རེད།