འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎ཀན་སུའུ་ཡི“ཁུལ་གཅིག་དང་ཀྲོའུ་གཅིག”དང་ཤིན་ཏུ་དབུལ་བའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་
ལས་གྲྭ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཀན་སུའུ་ཡི“ཁུལ་གཅིག་དང་ཀྲོའུ་གཅིག”(ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། དཔའ་རིས་བོད་རིགས་རང་སྐྱོང་རྫོང)དང་དེ་བཞིན་ཤིན་ཏུ་དབུལ་བའི་རྫོང་18ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་ཡོད། ལས་གྲྭ་དེས་གྲོང་གསེབ་ཀྱི་གློག་དྲའི་རིམ་སྤོར་མངོན་འགྱུར་ཐུབ་ནས་མི་ཁྲི་166ལ་ཐད་ཀར་ཕན་པ་ཐོབ་ཁར། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཡང“གློག་སྤྱོད་རྒྱུ་ཡོད་པ”ནས“གློག་འདང་ངེས་ཡོད་པའི”བར་ཡར་རྒྱས་ཕྱིན་ཡོད། འདུ་འགོད་དེ་2018ལོའི་ཟླ་11པར་ལས་འགོ་བཙུགས་ཚུན། གློག་ཤུགས་འཛུགས་སྐྲུན་པ་9000ལྷག་ཙམ་གྱིས་ཛ་དྲག་ངང་ཨར་སྐྲུན་ཟླ་བ་11བྱས་པ་བརྒྱུད། ཟླ་བ་3སྔ་སྣུར་དུ་ལེགས་སྒྲུབ་བྱུང་ནས་ས་ཁུལ་དབུལ་པོའི་མང་ཚོགས་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད། 
     “ཁུལ་གཅིག་དང་ཀྲོའུ་གཅིག”དང་དེ་བཞིན་ཤིན་ཏུ་དབུལ་བའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གློག་དྲའི་ལས་གྲྭ་ནི་རྒྱལ་ཁབ་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་གལ་ཆེན་ཞིག་དང་། ཀན་སུའུ་ཞིང་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ་ཞིག ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དམངས་སེམས་འདུ་འགོད་ཅིག་བཅས་ཡིན། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་44.28བཏང་བ་དང་དེའི་ནང“ཁུལ་གཅིག་དང་ཀྲོའུ་གཅིག”གི་གློག་དྲར་མ་དངུལ་སྒོར་དུང་ཕྱུར་24.41བཏང་ཡོད། ལས་གྲྭ་དེས་ཆན་ཕུའུ་35དང་དེ་ཡན་གྱི་གློག་སྒྱུར་ས་ཚིགས་18གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། གློག་སྐུད་སྤྱི་ལེ་18000ལྷག་ཙམ་གསར་དུ་ཁྲིད་པ་དང་སྒྱུར་བཀོད་བྱས་པ། གློག་གནོན་སྒྱུར་ཆས་13169བསྒར་བ། གཤོངས་ཚད་ཆན་ཕུའུ་ཨན་ཁྲི་133.7མང་དུ་བཏང་བ་བཅས་བྱས་ཡོད་པ་རེད།