འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎ཀུའེ་ཀྲོའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་གཞན་དུ་གནས་སྤོ་མཁན་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཀུའེ་དབྱང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀུའེ་ཀྲོའུ་ཞིང་ཆེན་ཡོངས་ཀྱི་མི་འབོར་ཁྲི་188ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་ལས་དོན་འདི་ལོའི་ཟླ་6པར་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། གནས་སྤོའི་ལས་གྲྭས་གནས་སྤོས་གཙོ་བོར་བྱེད་པ་ནས་རྗེས་མཐུད་རོགས་སྐྱོར་དང་སྤྱི་ཚོགས་དོ་དམ་ཕྱོགས་སུ་གཞན་སྒྱུར་བྱས་པ་དང་། “སྤོ་ཐུབ་པ”ནས“གནས་ཐུབ་པ་དང་ཕྱུག་པོ་ཆགས་པའི”བར་གཞན་སྒྱུར་བྱས་ནས་ཀུའེ་ཀྲོའུ་ཞིང་ཆེན་མི་སྤྱི་ཐིང་གིས་ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་གནས་སྤོའི་མང་ཚོགས་ཀྱི་འཚོ་ཚིས་འགན་ལེན་གྱི་གཞི་རྩའི་ལས་དོན་ལ་བརྩིས་ནས་ཐབས་མང་མཉམ་སྤྱོད་ཀྱིས་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
     ཀུའེ་ཀྲོའུ་རུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མི་འབོར་བསྡོམས་ཁྲི་188ཡོད་པའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་150ཡོད་པས། རྒྱལ་ཡོངས་ཀྱི་གནས་སྤོའི་གཞི་ཁྱོན་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་རེད། ཀུའེ་ཀྲོའུ་ཞིང་ཆེན་མི་སྤྱི་ཐིང་གིས“དུད་ཚང་རེར་ལག་དེབ་རེ་དང་། མི་རེར་ཡིག་ཚགས་རེའི”གསོ་སྦྱོང་དང་ལས་ཞུགས་ཡིག་ཚགས་བཟོས་ནས། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོའི་ཁྱིམ་ཚང“དུད་ཚང་རེར་མི་རེ”ཡན་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པ་དང་། མི་200ཡན་གྱི་གཞི་ཁྱོན་ཆེ་བའི་བཀོད་སྒྲིག་བྱ་ཡུལ་དུ་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་ལྟེ་གནས(ལས་དོན་ས་ཚིགས་དང་སྐར་ཁུང)610བཙུགས་ཏེ་མི་སྣ་བཀོད་སྒྲིག་བྱས་ནས་ཚད་གཞི་ཅན་དང་། ཚད་ལྡན་ཅན། མ་ལག་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
     ཀུའེ་ཀྲོའུ་ཡིས་ས་གནས་ཁག་གི་ཐོན་ལས་གླིང་གསར་སྤེལ་དང་ལས་ཞུགས་ལས་གནས་སྔོག་འདོན་ལ་དམ་པོར་དམིགས་ཏེ་གནས་སྤོའི་མང་ཚོགས་ཐག་ཉེ་ས་དང་ས་དེ་གར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གནས་སྤོའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་བསྡུ་བར་ལྕག་སྐུལ་བཏང་བ་དང་། བཀོད་སྒྲིག་བྱ་ཡུལ་དུ་འོས་འཚམ་ཀྱི་ཐོན་ལས་བཀོད་སྒྲིག་བྱས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་དང་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་ཁྲོད་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་དང་། ལས་སྣོན་བཟོ་གྲྭ་ཆུང་གྲས། ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་ནང་འདྲེན་བྱས་ཏེ། བཀོད་སྒྲིག་བྱ་ཡུལ་དུ་དབུལ་སྐྱོར་འཁོར་ཁང་དང་རྟེན་གཞི་བཙུགས་པ་རེད།
     ཀུའེ་ཀྲོའུ་ཞིང་ཆེན་མི་སྤྱི་ཐིང་གིས་ད་དུང་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་དང་མཉམ་དུ་ངལ་ནུས་མཉམ་ལས་བྱས་ཏེ་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་དང་སྐྱེ་ཁུངས་ཀུའེ་ཀྲོའུ་ནས་ཡིན་པའི་ལས་མི་བལྟོས་བཅས་ཀྱི་གཅིག་ཏུ་བསྡུས་ཡོད་པའི་གྲོང་ཁྱེར་དུ་ངལ་ནུས་མཉམ་ལས་ལས་དོན་ས་ཚིགས་ཀྱི་དྲ་རྒྱ་བཙུགས་ཏེ་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།