འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎འགྲུལ་སྐྱེལ་ལས་ལ་བྲེལ། ཡོང་འབབ་ཆར་ལྟར་འབབ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ངས་ཟས་ག་རེ་ཡིན་ཡང་ཟ་མྱོང་ཡོད། འོན་ཀྱང་ཞིམ་ཤོས་རྩམ་པ་ཁོ་ན་རེད། དེའི་ནང་ད་དུང་བྱེ་མ་ཀ་ར་དང་མར་ཏོག་ཙམ་བླུགས་ན་དངོས་གནས་མི་ཡུལ་གྱི་ཞིམ་ཟས་རང་རེད”
     རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་རིང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་སླར་ཡང་ཡུལ་སྐོར་བ་མང་བའི་དུས་ཚིགས་འཆར། རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་སྒེར་འཁོར་བཏང་སྟེ་ཡོང་བའི་ཡུལ་སྐོར་བ་གཞུང་ལམ་ཐོག་བང་རིང་པོ་ཞིག་བསྒྲིགས་ཡོད་པ་ཕུད། ད་དུང་གནམ་གྲུ་དང་དུས་གཏན་རླངས་འཁོར་བསྡད་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་ཀྱང་སྟོན་ཉམས་ཀྱིས་ཕྱུག་པའི་གངས་ལྗོངས་ས་མཐོའི་མཛེས་པ་ཉམས་སུ་མྱོང་བར་ཡོང་བཞིན་ཡོད། དེ་ལས་ཡུལ་སྐོར་གྱི་བོགས་བླངས་རླངས་འཁོར་གཏོང་མཁན་ཐལ་བུའི་སེམས་ནང་དགའ་བ་དཔག་མེད་བྱུང་སྟེ། ཁོང་གིས་རླངས་འཁོར་གཏོང་གིན་རང་ཉིད་ཀྱིས་བརྩམས་པའི་གླུ་གཞས《རྩམ་པ》གཏོང་བཞིན་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བ་ནས་ད་ལྟའི་བར་གྱི་དུས་ཐུང་ཉིན་འགའ་ཤས་རིང་ཁོང་ལ་ཡོང་འབབ་སྒོར་བདུན་སྟོང་བརྒྱད་སྟོང་བྱུང་བ་དང་། རླངས་འཁོར་ཟླ་བཅུ་པའི་ཟླ་དཀྱིལ་བར་སྔོན་མངགས་བྱས་ཡོད་པས་ཉིན་གང་ལས་བྲེལ་ཆེན་པོ་ཡོད་པ་རེད།
     འདི་ལོ་ལོ་50ལ་སླེབས་པའི་ཐལ་བུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཕྱག་ཕྲེང་རྫོང་རག་ཝུ་ཤང་སྡོམ་རྭ་གྲོང་ཚོ་ནས་ཡིན་པ་དང་། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་2970ཟིན་པ་དང་། ལྷོ་ངོས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབྲེལ་བ། ཤར་ངོས་འདབ་པ་ཉི་བརྟེན་མཛེས་ལྗོངས་ཁུལ་དང་འབྲེལ་བས། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁུལ་གྱི་དབུས་སུ་ཆགས་ཡོད།
     ལོ་20ཡི་གོང་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་དང་བསྟུན། སྣུམ་ནག་གཞུང་ལམ་ཡང་གངས་ལྗོངས་ས་མཐོའི་ཐག་རིང་ལུང་ཁུག་བར་བཏིང་བས་ཡུལ་དེ་གའི་ཡུལ་སྐོར་གྱི་ཚ་རླབས་ཟམ་མི་ཆད་པར་འཕྱུར་ཡོད། ལོ་30ལྷག་ཙམ་ལ་སླེབས་པའི་ཐལ་བུ་གྲོང་ཚོ་ནས་ཉེ་འཁོར་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གླ་པ་བྱེད་པར་བསྐྱོད་ཅིང་། ཁོང་གིས་ལྷན་སྐྱེས་ཀྱི་སྐད་ཡག་པོར་བརྟེན་ཏེ་ཨར་ཁང་དང་འཁྲབ་སྟོན་ཚོགས་པའི་ནང་གཞས་བཏང་ནས་ཡོང་འབབ་གསོག་གི་ཡོད་པས་དུས་དེ་ནས་བཟུང་ཁོང་ལ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
     “ཉེ་བའི་ལོ་འགའ་ཤས་ནང་ངའི་ཕ་ཡུལ་དུ་གནམ་ཐང་བསྐྲུན་པ་དང་། གཞུང་ལམ་བཏིང་བ། གློག་འཁྲིད་པ། ཆུ་ཀ་ལ་འཁྲིད་པ། ཁ་པར་དང་དྲ་རྒྱ་སོགས་ཚང་ཡོད་པས་འདི་གར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག 2014ལོར་ངས་ལག་བརྒྱུད་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཤིག་ཉོས་ནས་འགྲུལ་སྐྱེལ་ལས་ལ་ཞུགས་པས་ཡོང་འབབ་དེ་མུར་མང་དུ་ཕྱིན་སོང་། ད་ལྟའི་རླངས་འཁོར་འདི་2016ལོར་ངས་སྒོར་ཁྲི་8སྤྲད་དེ་ཉོས་པའི་SUVགསར་རྐྱང་ཞིག་རེད”ཅེས་བཤད།
     ཡུལ་སྐོར་གྱི་བོགས་བླངས་རླངས་འཁོར་གྱི་ཚོང་ལས་ལ་ཞུགས་པར་དུས་ཚིགས་རང་བཞིན་ཆེ་མོད། འོན་ཀྱང་ཐལ་བུ་ལོ་གཅིག་དུས་བཞི་ཚང་མར་ལས་བྲེལ་ཆེན་པོ་ཡོད་དེ། ལོ་ལྟར་གྱི་ཟླ་4པ་ནས་ཟླ་6པར་བར་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་དགོས་པ་དང་། ཟླ་7པར་གྲོ་དང་། ནས། མ་རྨོས་ལོ་ཏོག་བཅས་བསྡུ་དགོས་པ། ཟླ་8པ་དང་ཟླ་9པར་ཤ་མོ་འཐུ་དགོས་ཡོད། ད་ཆ་ཐལ་བུའི་ཁྱིམ་དུ་ད་དུང་བ་གླང་དང་ལུག་སོ་སོ་མགོ་གྲངས་6གསོ་ཚགས་བྱས་ཡོད། འདི་ལོ་དབྱར་རྩྭ་དགུན་འབུ་དང་ཤ་མོ་ཁོ་ན་བཙོངས་པར་ཐལ་བུ་ལ་ཡོང་འབབ་སྒོར་ཁྲི་གཉིས་ཙམ་བྱུང་ཡོད།
     “དུས་རབས་ཡག་ཤོས་དང་སྐབས་འཁེལ་བས་ང་རང་ལ་དངོས་གནས་ལམ་འགྲོ་ཆེན་པོ་འདུག ད་ཆ་ཟས་གོས་ལ་སེམས་ཁྲལ་མེད་ལ་ནད་གཞི་ཕོག་ནས་སྨན་ཁང་དུ་སྡོད་དགོས་འཁེལ་རུང་རྒྱལ་ཁབ་ཀྱིས་འགྲོ་སོང་རྩིས་ཞུ་བྱེད་ཀྱི་ཡོད། ལོ་8ལ་སླེབས་པའི་ཚ་མོ་བློ་བཟང་དབྱངས་ཅན་ད་ཆ་སློབ་ཆུང་ལོ་རིམ་དང་པོ་འགྲིམ་རུང་སློབ་ཡོན་སྐར་ལི་གཅིག་ཀྱང་གཏོང་དགོས་མེད། ང་རང་ད་ཆ་ཀ་བ་སུམ་ཅུ་སོ་ལྔ་ཡོད་པ་དང་། རྒྱ་ཁྱོན་སྔོན་མ་ལས་ལྡབ་གཅིག་ལྷག་ཙམ་གྱིས་ཆེ་བའི་པང་གཅལ་བཏིང་བའི་ཁང་པ་ཆེན་པོ་ཞིག་གི་ནང་སྡོད་ཀྱི་ཡོད”ཅེས་ཐལ་བུ་ཡིས་མྱོང་བ་ཟབ་མོས་བཤད།