འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་དུ་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སི་ཐོག་ཁོར་མོ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་ཚོགས་གཙོ་གནང་བའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཉེ་ཆར་སུའེ་ཏེན་དུ་འཚམས་འདྲི་གནང་ཞིང་། འཚམས་འདྲི་གནང་རིང་། སྤེལ་རེས་ཚོགས་པས་སུའེ་ཏེན་གྱི་ཕྱི་འབྲེལ་པུའི་དཔོན་རིགས་དང་མཇལ་འཛོམས་གནང་བ་དང་། སུའེ་ཏེན་བདེ་འཇགས་དང་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་སུའོ་ཡི་མཁས་དབང་དང་བགྲོ་གླེང་གནང་བ་མ་ཟད། སི་ཐོག་ཁོར་མོ་སློབ་ཆེན་གྱི་མཁས་དབང་དང་བཞུགས་མོལ་ཡང་གནང་བ་རེད།
     སུའེ་ཏེན་ཕྱི་འབྲེལ་པུའི་དཔོན་རིགས་དང་མཇལ་འཛོམས་གནང་སྐབས། ཀྲང་ཡུན་གྱིས་ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནི་ཀྲུང་གོ་ཙམ་མ་ཟད། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ནང་དོན་གལ་ཆེན་ཞིག་རེད། སུའེ་ཏེན་ད་ཆའི་དར་རྒྱས་ཆེ་བའི་རྒྱལ་ཁབ་འདི་ལྟ་བུ་ཞིག་ལ་གྱུར་པ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡུན་རིང་བཏང་བའི་གྲུབ་འབྲས་ཤིག་རེད། ཀྲུང་གོ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡུན་རིང་དང་ཡར་རྒྱས་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཤིག་ཐོབ་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་ཕྱོགས་གང་ཅིའི་ཐད་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ནི་རྒྱལ་ནང་གི་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་སུ་ལུས་པའི་ས་ཁུལ་ཞིག་རེད། བོད་ཀྱི་མི་དམངས་རྣམས་ཀྱི་ངོས་ནས་བརྗོད་ན། འཕེལ་རྒྱས་ཀྱི་དབང་ཆ་ནི་མིག་སྔའི་ཆེས་གལ་འགངས་ཆེ་ཤོས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། རྒྱལ་ཁབ་ཁག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རིག་གནས་ཀྱི་སྲོལ་རྒྱུན། མི་གྲངས་མང་ཉུང་། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་བཅས་འདྲ་ཡི་མེད་པས། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་བསྡུར་བྱེད་སྐབས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གནས་ཚུལ་དངོས་དང་ཁ་འབྲལ་མི་རུང་ཞེས་ནན་བཤད་གནང་བ་རེད།
     སུའེ་ཏེན་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་སིའི་ཨེ་ཤེ་ཡ་ཤར་མ་ཁྲུའི་ཁྲུའུ་ཀྲང་པེ་ལི་ཁོ་ཝུའེ་སི་ཐེ་ཡིས་སྤེལ་རེས་འཚོགས་པས་ལོ་རྒྱུས་དང་དངོས་ཡོད་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་སྐོར་ངོ་སྤྲོད་གནང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད།
     སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་དང་ཆོས་དད་རང་མོས་སོགས་ཀྱི་གནད་དོན་སྐོར་ལ། ཀྲང་ཡུན་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཆོས་དད་རང་མོས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བྱས་ཡོད། ནུབ་ཕྱོགས་ཀྱི་སྲིད་གཞུང་དང་སྨྱན་སྦྱོར་ཚན་པས་ཀྲུང་གོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་སྤྱི་ཡོངས་གནས་ཚུལ་ལ་དོ་ཁུར་མང་ཙམ་བྱེད་པ་ལས། གྱོད་དཔེ་རེ་གཉིས་བཟུང་ནས་མི་གློད་པ་བྱ་མི་རུང་ལ། གྱོད་དཔེ་རེ་གཉིས་ལ་བརྟེན་ནས་བོད་ཀྱི་ཕྱོགས་ཁག་གི་གྲུབ་འབྲས་ཆེན་པོར་ཁས་མི་ལེན་པ་དེ་བས་ཀྱང་བྱ་མི་རུང་ཞེས་བརྗོད།
     སི་ཐོག་ཁོར་མོ་སློབ་ཆེན་གྱི་མཁས་དབང་དང་བཞུགས་མོལ་གནང་སྐབས། ཀྲང་ཡུན་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་། བོད་སྐད་ཡིག་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ངོ་སྤྲོད་གཙོ་བོ་གནང་ཞིང་། ཁོང་གིས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ས་གནས་དེ་གའི་མི་དམངས་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ནས། བོད་ལྗོངས་ས་ཁུལ་གྱི་སྤྱི་དམངས་ལ་སློབ་གསོ་ཐེབས་པའི་མི་འབོར་གྱི་བསྡུར་གྲངས་བརྒྱ་ཆ་ལྔ་ནས་བརྒྱ་ཆ་བརྒྱ་བར་འཕར་བ་དང་། ཆ་སྙོམས་ཀྱི་ཚེ་ཚད་ལོ་35.5ནས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་ཡོད་ཅེས་གསུངས་ཤིང་། ཁོང་གིས་བོད་ཀྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པར་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་དགོས། དེ་ལྟར་མ་བྱས་ཚེ་གོ་འཛོལ་ཐེབས་སླ་པོ་ཡོད་ཅེས་ནན་གསུངས་གནང་བ་རེད།