འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎ཀྲུང་གོའི(ཨེ་ཅིབ)ཚོང་དོན་དངོས་མང་སྟོན་ཚོགས་ཀྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི(ཨེ་ཅིབ)ཚོང་དོན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཉེ་ཆར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་ཤིང་། ཀྲེ་ཅང་དང་། ཧྥུའུ་ཅན། ཧོ་ནན། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་11གི་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་195ཡིས་ཨེ་ཅིབ་དང་། སོ་ཏི་ཨ་རབ། ལེ་པ་ནོན་སོགས་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་སྟོང་ཕྲག་དང་མཉམ་ལས་གྲོས་མོལ་བྱས་པ་རེད།
     ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའོ་ལི་ཆང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་ཨེ་ཅིབ་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་བཅོས་ཤུགས་ཆེན་བྱས་ནས་ཨེ་ཅིབ་ཀྱི“2030ལོའི་ཕུགས་འདུན”དང“སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་བར་ཁྱམས་གསར་སྤེལ”སོགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མ་འཇོག་བཅའ་ཁྲིམས་གསར་པ་སོགས་སྒོ་དབྱེའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་ཀྱིས་ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ཐོག་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཁེ་ལས་དང་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་དབར་གྱི་སྦྲེལ་མཐུད་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། འདི་ལོའི་དངོས་མང་སྟོན་ཚོགས་ཐོག་ཨེ་ཅིབ་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་གདན་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་དོན་ཆ་སྒྲིག་ཁུལ་དང་ཆེད་ལས་སྐད་སྒྱུར་མང་དུ་གཏོང་བ་སོགས་ཀྱི་ཐད་ཕྱོགས་གཉིས་དབར་གྱི་ཐད་ཀའི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།