འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་8ཉིན།

༄༅༎ལོ་ངོ་70ཡི་རིང་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་ བ་སྔར་བས་བརྟན་དུ་ཕྱིན་ནས་
མི་སེམས་ལ་གཏིང་ཟབ་ཟུག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    ཚེས་6ཉིན་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་དེ་ཉིན་ཀྲུང་ཁྲའོ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།
     རིགས་གཅིག་མཁས་ཅན་གྱིས། ལོ་ངོ་70ཡི་རིང་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་བྱས་ཡོད། མིག་སྔར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཤིང་། སྔ་འཛིན་ཕྱི་གཏོད་དང་རྒྱུན་མཐུད་གསར་འབྱེད་ཀྱི་འགག་རྩའི་དུས་མཚམས་སུ་ཏང་གཉིས་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་དེ་གོ་སྐབས་སུ་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་ཡོང་བར་སྐུལ་མ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་བདེ་བསྐྲུན་རྒྱུ་རེད་ཅེས་བསྟན་པ་རེད།
     1949ལོའི་ཟླ་10ཚེས་6ཉིན་ཀྲུང་གོ་དང་ཁྲའོ་ཞན་དབར་དངོས་སུ་ཕྱི་འབྲེལ་བཙུགས་པ་དེར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཐད་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད།
     ཕྱི་འབྲེལ་བཙུགས་ནས་ལོ་ངོ་70ཡི་རིང་ཀྲུང་གོ་དང་ཁྲའོ་ཞན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཐོ་རིམ་དབར་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཏེ་རིག་གནས་དང་། སློབ་གསོ། ཚན་རྩལ། ལུས་རྩལ། དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་ནང་ཕྱོགས་གཉིས་ཀྱིས་སྤེལ་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་འབྲེལ་བ་གོང་འཕེལ་གཏོང་ཆེད་ཧུར་ཐག་གཞོལ་བ་རེད།
     ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཤིས་ཡུས་ཀྱིས། ཀྲུང་ཁྲའོ་འབྲེལ་བའི་ལོ་ངོ་70ཡི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ན་ཧ་ཅང་གལ་འགངས་ཆེ་བའི་ཉམས་མྱོང་4ཡོད་པ་སྟེ། གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནི་ཀྲུང་ཁྲའོ་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཐུན་མོང་གི་ཕུགས་བསམ་དད་སེམས་དང་འབད་འཐབ་ཀྱི་དམིགས་ཚད་ནི་ཀྲུང་ཁྲའོ་འབྲེལ་བའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་པ། ཆེས་མཐོའི་འགོ་ཁྲིད་ཀྱི་མཛའ་མཐུན་རྒྱུན་འཛིན་དང་འཐབ་ཇུས་ཀྱི་སྣེ་ཁྲིད་ནི་ཀྲུང་ཁྲའོ་འབྲེལ་བའི་ལེགས་ཆ་ཆེ་ཤོས་ཡིན་པ། ས་རྒྱུད་འབྲེལ་བ་དང་རིག་གནས་ཀྱི་མཐུན་ཆ་ནི་ཀྲུང་ཁྲའོ་འབྲེལ་བའི་འབྲེལ་ཐག་བརྟན་པོ་ཞིག་ཡིན་པ་བཅས་རེད། “འདི་ནི་འདས་པའི་ལོ་ངོ་70རིང་གི་རྒྱལ་ཁབ་གཉིས་འབྲེལ་འདྲིས་བྱས་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གཞི་འཛིན་སའང་ཡིན”ཞེས་བརྗོད།
     དབྱེ་ཞིབ་མི་སྣས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཁྲའོ་ཡིས་འཐབ་ཇུས་འབྲེལ་གཏུག་དང་སྤེལ་རེས་མྱོང་ལེན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁྲའོ་སྲོལ་རྒྱུན་མཛའ་གྲོགས་ལ་ནང་དོན་གསར་པ་སྦྱིན་པ་དང་། མཛའ་གྲོགས་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་སྣོན་པ། འབྲེལ་གཏུག་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཆེད་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།
     ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་བརྟན་ལྷིང་གི་སྲུང་སྐྱོང་བ་དང་། སྐད་ཆ་ཤོད་རེས་དང་ཞི་བའི་གླིང་མོལ་གྱི་སྐུལ་འདེད་པ། ཡུན་རིང་བདེ་འཁོད་ཀྱི་ལེགས་སྐྱེས་འབུལ་མཁན་བཅས་ཐོག་མཐའ་བར་གསུམ་དུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་མུ་མཐུད་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་དང་། ལྷོ་བྱང་འབྲེལ་བ་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར། ཁྲའོ་ཞན་དང་ཨ་རིའི་གཙོ་བདག་མཇལ་འཛོམས་དང་གྲུབ་འབྲས་ཐོབ་རྒྱུར་རྒྱབ་སྐྱོར། འབྲེལ་ཡོད་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་ལ་བརྟེན་ནས་སོ་སོའི་ལུགས་མཐུན་གྱི་དོ་ཁུར་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་པ་རེད།
     དབྱང་ཤིས་ཡུས་ཀྱིས། ཕྱོགས་གཉིས་ཁ་ཕྱོགས་མཐུན་པར་བསྐྱོད་ནས་སོ་སོའི་ལུགས་མཐུན་གྱི་དོ་ཁུར་དང་འཚམ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཚེ། ཕྱེད་གླིང་གནད་དོན་གྱི་འབྲེལ་ཡོད་སྐད་ཆ་ཤོད་རེས་ཀྱི་འཕེལ་རིམ་ལ་གྲུབ་འབྲས་འཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བཤད།
     “ང་ཚོར་རླབས་ཆེན་གྱི་མཛའ་གྲོགས་ཡོད་ལ་ང་ཚོར་ཐུན་མོང་གི་ཕུགས་བསམ་ཡང་ཡོད་པས་ང་ཚོ་མཐུན་སྒྲིལ་ཧ་ཅང་ཟབ་པར་གྱུར་ཡོད”《ཀྲུང་ཁྲའོ་མཛའ་གྲོགས་གླུ་གཞས》ནང་འཁོད་པ་བཞིན་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཁྲའོ་ཕྱོགས་གཉིས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱས་ཚེ་ཀྲུང་ཁྲའོ་མཛའ་གྲོགས་ཀྱི་ལེའུ་གསར་པ་ཞིག་དང་དེ་བཞིན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད་ཅེས་རིགས་གཅིག་མཁས་ཅན་གྱིས་བརྗོད་པ་རེད།