འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་8ཉིན།

༄༅༎སིང་ཀ་ཕོར་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་སིང་ཀ་ཕོར་བཙུགས་ནས་ལོ་ངོ་200འཁོར་བར་རྟེན་འབྲེལ་ཞུ་ཆེད། “མཐོང་བ་ཙམ་གྱིས་བསམ་འདུན་འགྲུབ། ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན”ཚེས་6ཉིན་སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་ཤིང་། འགྲེམས་སྟོན་བྱས་པའི་ཐང་གའི་བརྩམས་ཆོས་རྩེ་གྲ་80ཡིས་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
     ཐང་གའི་བརྩམས་ཆོས་རྩེ་གྲའི་ཁྲོད་ཀྱི་ཐང་ག་50ལྷག་ཙམ་ནི་ཀྲུང་གོའི་མཚོ་སྔོན་རེབ་གོང་ནས་ཡིན་པ་དང་དེ་དག་ནི་མི་རབས་གཉིས་ཀྱི་ཀྲུང་གོའི་བཟོ་རྩལ་མཛེས་རིག་མཁས་ཅན་ཤྭ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་གཉིས་ཀྱིས་བཞེངས་པ་ཞིག་རེད། གཞན་ཡང་། ད་དུང་རྒྱ་གར་དང་ནེ་པ་ལར་སྤེས་རེས་གནང་བཞིན་པའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་མོ་མཁས་ཅན་དང་འབྲུག་ཡུལ་གྱི་རི་མོ་མཁས་ཅན་གྱི་བརྩམས་ཆོས་30ཙམ་ཡོད་པ་དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ལ་དེའི་ཁྲོད་ཐང་ག་མི་ཉུང་བ་ཞིག་ཡོངས་བསྒྲགས་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།
     སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་དང་སིང་ཀ་ཕོར་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་ལས་དོན་ཁྲུའུ་ཡི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་མཁན་ཞའོ་ཅང་ཧྭ་ཡིས་2009ལོར་ཐང་གས་གཙོ་བྱས་པའི“རེབ་གོང་སྒྱུ་རྩལ”དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་སློབ་གསོ་རིག་གནས་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག”ནང་བཅུག་ཡོད། འགྲེམས་སྟོན་ལས་ལྟ་སྐོར་བར་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་མཐོང་ཐུབ་པ་མ་ཟད། རྒྱུན་མཐུད་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཐང་གའི་སྒྱུ་རྩལ་གྱི་ཆེད་དོན་འཆད་ཁྲིད་གནང་བ་མ་ཟད། འགྲེམས་སྟོན་བྱ་ཡུལ་དངོས་སུ་ཐང་ག་བཞེངས་གནང་བ་རེད།