འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་1ཉིན།

༄༅༎སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་
པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་
ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་མཛད་སྒོར་ཞུགས་པ་མ་ཟད། བློ་མཐུན་མའོ་ཙེ་ཏུང་གི་སྐུ་
གདུང་ལ་གུས་མཇལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་01ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་གྲལ་འགྲིག་པོ་བཟོ་བཞིན་པ།
འདི་ནི་ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་གྲལ་འགྲིག་པོ་བཟོ་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཚེས་30ཉིན་གྱི་སྔ་དྲོ་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས་པ་རེད། 
     རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཐང་ཆེན་གྱི་གཞོགས་གཉིས་སུ་བརྗོད་དོན་གཙོ་བོའི་མཛེས་ལྗོངས་འཇིམ་བརྐོས་ཆེན་པོ“དཔྱང་དར་དམར་པོ”ནི་ཧ་ཅང་མངོན་གསལ་དོད་པོ་ཡོད། འགྱིང་ངེར་གནས་པའི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་བྱང་ངོས་ཀྱི་མེ་ཏོག་སྟེགས་བུ་གཉིས་ཀྱི་ཐོག་ལུག་མིག་མེ་ཏོག་དཀར་པོ་སོགས་ལས་གྲུབ་པའི་མེ་ཏོག་ཕྲེང་བ་18ཀྱིས་ཕྲ་རྒྱན་བཏབ་ཡོད་པ་དེ་ཐོག་ནས་རྒྱལ་ཡོངས་མི་དམངས་ཚོས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུ་བ་མཚོན་ཡོད།
     ཆུ་ཚོད་10པ་ཙམ་ལ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ཏེ་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད། 
     དྲན་གསོའི་རྡོ་རིང་གི་མདུན་དུ། ལས་རིགས་ཁག་གི་འཐུས་མི་4000ལྷག་ཙམ་གྱིས་ལག་ཏུ་མེ་ཏོག་སོས་པ་བཟུང་ནས་ཀྲོང་ངེར་ལངས། ཁོང་ཚོའི་ཁྲོད་ལོ་དགུ་བཅུ་ལྷག་ཙམ་ལ་སླེབས་པའི་འཐབ་འཛིང་བ་རྒན་གྲས་དང་། བློ་མཐུན་རྒན་གྲས། བྲང་ཁར་དཔྱང་དར་དམར་པོ་བཏགས་པའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མི། སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཞོན་ནུ་སློབ་མ་དང་ལོ་ཆུང་བྱིས་པ་བཅས་ཡོད། 
     ཆུ་ཚོད་10པར། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དམག་མིའི་རོལ་ཆ་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་། ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། 
     རྒྱལ་གླུ་བླངས་རྗེས། ཚང་མས་སྒམ་ནན་ངང་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ལ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། 
     ལོ་ངོ་བདུན་ཅུའི་གོང་གི་ཟླ་9ཚེས་30ཉིན། གནམ་བདེ་སྒོ་མོའི་ཐང་ཆེན་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་རྩིག་རྨང་བཏིངས་པ་དང་། “མི་དམངས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་གསེར་མདོག་ཅན་གྱི་ཡི་གེ་དག་ལས་ཀྲུང་ཧྭ་མི་རིགས་ཀྱིས་སྔོན་གཤེགས་དཔའ་བོར་བཅངས་པའི་དད་གུས་མཚོན། 2014ལོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་བརྒྱུད། ཟླ་9ཚེས་30ཉིན་ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱུང་བ་རེད། 
     ངག་བསྡམས་ནས་མྱ་ངན་ཞུས་རྗེས། ལོ་ཆུང་བྱིས་པ་300ལྷག་ཙམ་གྱིས་ལག་ཏུ་མེ་ཏོག་སོས་པ་ཐོགས་ཏེ། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་སྐད་གསང་མཐོན་པོས“ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན། གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད”ཅེས་གླུ་གཞས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》བཏང་བ་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཀྱང་ཞུས་པ་རེད། 
     རུ་སྟར་གྲུ་བཞིའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། དམངས་གཙོ་ཏང་ཤོག་ཁག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ་བཅས་དང་། མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མང་ཚོགས། འཐབ་འཛིང་བ་རྒན་གྲས། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་དཀྱུས་གཅིག་ཏུ་བསྒྲིགས་པ་དང་། མེ་ཏོག་སི་རའི་དར་འཛར་དམར་པོའི་སྟེང“མི་དམངས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་བྲིས་པ་ཧ་ཅང་མངོན་གསལ་དོད། 
     དམག་མིའི་རོལ་ཆ་རུ་ཁག་གིས་མེ་ཏོག་སི་ར་འབུལ་བའི་རོལ་དབྱངས་དཀྲོལ་གཏོང་བྱས་པ་དང་། གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་སི་ར་བརྟན་པོར་བཏེགས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་དལ་གྱིས་བསྐྱོད་པ་དང་། མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་ཁྲི་སྟེགས་སུ་བཞག
     ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དེ་རྗེས་དྲན་གསོའི་རྡོ་རིང་གི་ཁྲི་སྟེགས་སུ་ཕེབས་པ་དང་། མེ་ཏོག་སི་རའི་མདུན་དུ་གོམ་པ་སྤོ་མཚམས་བཞག་སྟེ་གཟིགས་ཤིང་། མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཧུང་ཀྲང་དང་། དྲི་ཞིམ་འཐུལ་བའི་ལུག་མཉེའི་མེ་ཏོག རྣམ་པར་བཞད་པའི་མེ་ཏོག་ཝུན་ཞིན་ལན་བཅས་ལས་མི་དམངས་དཔའ་བོ་དང་སྔོན་གཤེགས་དཔའ་བོར་མྱ་ངན་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་ཡོད། 
     ཞི་ཅིན་ཕིང་གིས་དལ་པོའི་ངང་མདུན་དུ་ཕེབས་ཏེ། མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་བསྲངས་གནང་ཞིང་། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དལ་པོའི་ངང་སྐོར་བ་བརྒྱབ་སྟེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས། བརྗིད་ཆགས་པའི་དྲན་གསོའི་རྡོ་རིང་ལས་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་དཔའ་ངར་ཆེར་བསྐྱེད་དང་ཞུམ་པ་མེད་པའི་འབད་འཐབ་ཀྱི་བརྒྱུད་རིམ་མངོན་ཡོད། རྡོ་རིང་སྟེང་གི་གཡང་ཊི་དཀར་པོའི་འབུར་བརྐོས་རི་མོ་བཅུ་པོས་ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་དང་ཡར་རྒྱས་ལྷུར་ལེན་བྱེད་པའི་རླབས་ཆེན་གྱི་སྙིང་སྟོབས་མངོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་དཔའ་བོ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་སྤོབས་སེམས་ཆེན་པོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།
     ལོ་ཆུང་བྱིས་པ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིས་གོ་རིམ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་བསྐྱོད་དེ་ལག་གི་མེ་ཏོག་སོས་པ་ཕུལ་བ་མ་ཟད། དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་རླབས་ཆེན་བྱས་རྗེས་ལ་རྗེས་དྲན་དང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚོར་བར་བྱས་ཡོད། 
     མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་འགོ་ཁྲིད་བློ་མཐུན་ཚོ་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་ཕེབས་པ་རེད། ཚོམས་ཆེན་བྱང་མའི་ནང་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། དམངས་གཙོ་ཏང་ཤོག་ཁག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ་བཅས་ཀྱིས་ཕུལ་བའི་མེ་ཏོག་སི་ར་བློ་མཐུན་མའོ་ཙེ་ཏུང་གི་སྐུ་བརྙན་མདུན་དུ་བཞག ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་རྗེས་གུས་མཇལ་ཚོམས་ཆེན་དུ་ཕེབས་ཏེ་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་ལ་གུས་མཇལ་ཞུས་ནས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་མཁས་ཅན་རྒན་གྲས་ལ་རྗེས་དྲན་ཟབ་མོ་ཞུས་གནང་བ་རེད།
འདི་ནི་ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ཏེ་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ།
འདི་ནི་ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ཏེ་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ།