མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ2019ལོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་
འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་30ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ2019ལོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་སྤྲིངས་གནང་ནས་ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མི་དང་རྩལ་འཁྲིད་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 
     ཞི་ཅིན་ཕིང་གིས་2019ལོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཁྱོད་ཚོས་བསྟུད་མར་ཐེངས་བཅུ་གཅིག་ལ་རྒྱལ་བར་བརྟེན་ནས་མཐའ་མའི་ཨང་དང་པོ་བླངས་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་སྤྲད་ཡོད། ཁྱོད་ཚོས་འགྲན་བསྡུར་ཁྲོད་དྲག་པོ་ལ་མི་སྐྲག་པ་དང་འཛིང་མོ་བྱེད་ཕོད་པས། འགྲན་བསྡུར་གྱི་ཉམས་འགྱུར་དང་འགྲན་བསྡུར་གྱི་ཆུ་ཚད་མངོན་ཡོད་པ་དང་། མཐུན་སྒྲིལ་རོགས་ལས་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་སྙིང་སྟོབས་གང་ལེགས་མངོན་ཡོད། ངས་ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས། 
     ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་གསར་པར་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་བའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། ཁྱོད་ཚོས་མུ་མཐུད་དཔའ་ངར་ཆེ་བའི་འཐབ་སེམས་རྒྱུན་འཁྱོངས་དང་། ང་རྒྱལ་དང་འཚབ་འཚུབ་མེད་པར་སླར་ཡང་འབྲས་བཟང་ལེན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 
     2019ལོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཟླ་9ཚེས་14ཉིན་ནས་ཚེས་29ཉིན་བར་རི་པིན་དུ་སྤེལ་བ་དང་། ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་བསྟུད་མར་ཐེངས་བཅུ་གཅིག་ལ་རྒྱལ་བའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད། 1981ལོར། སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པ་སྐབས་གསུམ་པའི་ཐོག་ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་འཛམ་གླིང་གི་ཨང་དང་པོ་ཐོག་མར་ཐོབ་ཅིང་། རྗེས་སུ“བསྟུད་མར་ཐེངས་ལྔ་ལ་ཨང་དང་པོ་ཐོབ་པའི”འོད་སྟོང་འབར་བའི་གྲུབ་འབྲས་བཏོད་ཡོད། ལོ་38རིང་། ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་འཛམ་གླིང་བུམ་པའི་འགྲན་བསྡུར་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། ཨོ་རྩལ་འགྲན་ཚོགས་བཅས་ཀྱི་འགྲན་བསྡུར་ཆེན་པོ་གསུམ་ནང་གྲུབ་འབྲས་བཟང་པོ་ཡང་ཡང་བླངས་ནས་མཐུན་སྒྲིལ་རོགས་ལས་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་སྙིང་སྟོབས་ཆགས་པ་རེད། 

  
style="display:none;"