འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་30ཉིན།

༄༅༎ལོ་22རིང་བོད་དུ་ཐེངས་ལྔ་ཡོང་བས“བོད་རིགས་སྤུན་ཟླའི་གཉེན་ཉེ་བཟང་པོ”ཞེས་འབོད་པ།

“མཐའ་སྐྱོར་མི་སྣ་ཡག་ཤོས”ཝུའུ་གོ་ཆང་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་30ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཝུའུ་གོ་ཆང་གིས་མང་ཚོགས་ཚོའི་སྲུང་སྐར་བསྡུ་ལེན་སྒྲིག་ཆས་ཉམས་བཟོ་བྱེད་བཞིན་པ།
འདི་ནི་ཝུའུ་གོ་ཆང་གིས་མང་ཚོགས་ཚོའི་སྲུང་སྐར་བསྡུ་ལེན་སྒྲིག་ཆས་ཉམས་བཟོ་བྱེད་བཞིན་པ།
     2010ལོར་དམག་ཞབས་ཐིམ་རྗེས། ལོ་33ལ་སླེབས་པའི་ཝུའུ་གོ་ཆང་གིས་ལོ་13དམག་སྐུལ་དང་ལེན་བྱེད་སའི་བོད་ནས་ཁ་བྲལ་ཏེ་ཕ་ཡུལ་ཧུའུ་ནན་གྱི་ལིའུ་དབྱང་གྲོང་ཁྱེར་དུ་ལོག་པ་རེད། དང་ཐོག་རང་ཉིད་ཕྱིས་འབྱུང་བོད་ལ་བསྐྱར་དུ་སླེབས་ཀྱི་མ་རེད་སྙམ་ཡང་། ལོ་ཟླ་རིམ་བཞིན་འདས་པ་དང་བསྟུན་ནས། གངས་ལྗོངས་ས་མཐོ་དང་བོད་རིགས་མང་ཚོགས་རྣམས་ཁོང་གི་ཡིད་ལ་ཡང་ཡང་འཆར།
     2014ལོར་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཡིན་པའི་ཝུའུ་གོ་ཆང་གིས་དུས་ཐུང་བོད་སྐྱོར་ནང་ཐེངས་དང་པོར་ཞུགས་ནས་སེམས་པ་འཕྲེང་སའི་ཡུལ་དུ་སླེབས་པ་དང་། འདི་ལོ་ནི་ཁོང་གིས་དུས་ཐུང་བོད་སྐྱོར་ནང་ཞུགས་ཐེངས་བཞི་པ་ཡིན་ཞིང་། ཁོང་གི་བྱང་ཆུབ་པའི་ལག་རྩལ་དང་། དཀའ་སྤྱད་བློས་གཏོང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ལས་བོད་རིགས་ས་ཁུལ་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ལ། “བོད་རིགས་སྤུན་ཟླའི་གཉེན་ཉེ་བཟང་པོ”ཞེས་བརྗོད་ཀྱི་ཡོད།
     བོད་དུ་ཐེངས་ལྔ་ཡོང་ནས“ཕ་ཡུལ་གཉིས་པ”འཛུགས་སྐྲུན་བྱས་པ།
     1997ལོར་ལིའུ་དབྱང་གྲོང་ཁྱེར་ཡུང་ཨན་གྲོང་རྡལ་གྱི་ཕོ་གཞོན་ཝུའུ་གོ་ཆང་ལོ་20ཡིན་པ་དང་སྐབས་དེ་དུས་ཝུའུ་གོ་ཆང་གིས་དམག་མིར་ཞུགས་རྒྱུའི་མིང་ཐོ་བཀོད། རིམ་པ་བཞིན་འོས་འདེམས་དང་བརྟག་དཔྱད་བྱས་པ་བརྒྱུད་ཁོང་གཟི་བརྗིད་ཆེན་པོའི་ངང་དམག་ལ་ཞུགས་ནས་བོད་སྡོད་དཔུང་སྡེ་ཞིག་གི་དམག་མིར་གྱུར་ཏེ་ལོ་13ཏག་ཏག་ཕྱིན་པ་རེད།
     ལོ་13རིང་དམག་མིའི་འཚོ་བ་བསྐྱལ་བ་བརྒྱུད། ཝུའུ་གོ་ཆང་གི་ལུས་སྟོབས་རྒྱས་ཤིང་། བློ་བརྟན་འགྱུར་མེད་ཀྱི་དམག་མིའི་གཤིས་རྒྱུད་དང་ནན་ཞིང་ཞིབ་ཚགས་པའི་ལས་ཀའི་སྤྱོད་ཚུལ་ཞིག་ཀྱང་འཇགས་པ་རེད། བོད་དུ་དེ་སྔ་ཁོང་གིས་བྱས་རྗེས་རིམ་པ་གསུམ་པ་གཉིས་བཞག་པ་མ་ཟད། “ཕུལ་བྱུང་དམག་མི”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་ཡང་ཐེངས་མང་ཐོབ་ཡོད།
     2014ལོར་ཧུའུ་ནན་ཞིང་ཆེན་གྱིས་དུས་ཁག་གཉིས་པའི་དུས་ཐུང་བོད་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བསྡུ་བ་དང་སྐབས་འཁེལ་ཞིང་། ཁོང་གིས་ནང་མི་དང་གྲོས་བསྡུར་བྱས་རྗེས་དེའི་ནང་མིང་ཐོ་བཀོད་པ་རེད། དམག་ཞབས་ཐིམ་ནས་ལོ་བཞི་སོང་རྗེས། ཁོང་གིས་བསྐྱར་དུ་བོད་ལ་ཡོང་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་འབྲོག་ཁུལ་གྱི་ཕྱུགས་ནད་འགོག་བཅོས་ཀྱི་ལག་རྩལ་མི་སྣ་ཞིག་བྱས།
     “བོད་ནི་ངའི་ཕ་ཡུལ་གཉིས་པ་ཡིན། བོད་རིགས་ས་ཁུལ་གྱི་འཚོ་བའི་ཆ་རྐྱེན་ནང་ས་ལས་ཞན་ཡང་། བོད་དུ་སྡོད་པའི་ལོ་ཟླ་ནམ་ཡང་བརྗེད་པར་དཀའ་བ། ལྷག་པར་དུ་བོད་སྐྱོར་ལས་དོན་ཐད་འགྱུར་ལྡོག་གང་རུང་མིག་གིས་བལྟས་ན་མངོན་གསལ་དེ་ཙམ་མེད་ཀྱང་དོན་དངོས་ཐོག་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་ཝུའུ་གོ་ཆང་གིས་བཤད།
     བོད་རིགས་ས་ཁུལ་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།
     ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཝུའུ་གོ་ཆང་ནི་བོད་སྐྱོར་གྱི་ཕྱུགས་ནད་འགོག་བཅོས་ཀྱི་ལག་རྩལ་མི་སྣ་དང་པོ་དེ་ཡིན། ལོ་འདི་དག་ནང་ཁོང་གིས་དཀའ་བར་མ་འཛེམ་པར་འབྲོག་ཁུལ་དུ་བསྐྱོད་དེ་ཞིང་འབྲོག་ཁུལ་གྱི་ཕྱུགས་རིགས་དང་བྱ་དེ་གསོ་ཚགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་འགན་ལེན་བྱས་ཡོད་ལ་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་ཡང་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཡོད།
     བོད་དུ་ཝུའུ་གོ་ཆང་གི་ལས་ཀའི་གྲུབ་འབྲས་ལ་ཀུན་གྱིས་བསྔགས་བརྗོད་བྱེད་ཅིང་། འབྲི་གཡག་གི་རྔ་མའི་ཁྲག་ལེན་བྱེད་སྟངས་སོགས་ཀྱི་སྔོན་ཐོན་གྱི་ཕྱུགས་ནད་འགོག་བཅོས་ལག་རྩལ་ལྷོ་ཁ་གྲོང་ཁྱེར་དུ་ཐོག་མར་ཁྱབ་གདལ་བཏང་བ་དང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་རིམས་ནད་ཞིབ་བཤེར་ལྟ་སྐུལ་ས་ཚིགས་བཙུགས་ནས་འགོ་ནད་མཆེད་རྒྱུར་ཚོད་འཛིན་ནན་པོ་བྱས་ཤིང་། སྔོན་ཐོན་གྱི་ཕྱུགས་ནད་འགོག་བཅོས་ལག་རྩལ་སློབ་གཞི་ཕྱོགས་བསྒྲིགས་བྱས་པ་མ་ཟད། ས་གནས་དེ་གའི་རིམས་ནད་སྔོན་འགོག་གནས་བབ་ལ་གཞིགས་ནས་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་བཏོན་པ་རེད།
     གོང་དཀར་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲང་ཧྲ་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་ཕོང་ཐའོ་ཡིས་གསར་འགོད་པར། ཝུའུ་གོ་ཆང་གིས་ད་དུང་ས་མཐོའི་ཁྱིམ་བྱའི་གསོ་ཚགས་དང་དེ་བཞིན་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ནས་འགོ་བཙུགས་ཏེ་ས་གནས་དེ་གའི་ཕྱུགས་རིགས་སྨན་པ་སྒྲིག་འཛུགས་བྱས་ནས་ཆེད་ལས་ལག་རྩལ་གསོ་སྦྱོང་གི་ལས་དོན་ཐེངས་མང་སྤེལ་ཏེ་ས་གནས་དེ་གར་བོད་རིགས་ཀྱི་གཞོན་ནུ་ཕྱུགས་རིགས་སྨན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ལ། ཆེད་ལས་ལག་རྩལ་གྱི་སྟོབས་ཤུགས་བརྟན་པོ་ཞིག་ཀྱང་ཡོད་ཅེས་བཤད།
     གོང་དཀར་རྫོང་གི་བོད་རིགས་མང་ཚོགས་ཁག་གཅིག་ད་དུང་དབུལ་པོའི་གནས་ལས་སྒྲོལ་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། དེས་ན་ཁོང་གིས་དེར་འགྱུར་ལྡོག་གཏོང་རྒྱུའི་བསམ་བློ་འཁོར་ཞིང་། བོད་རིགས་ས་ཁུལ་གྱི་མང་ཚོགས་སྔ་ཙམ་དབུལ་པོའི་གནས་ལས་སྒྲོལ་ཆེད། ཁོང་གིས་ཕ་ཡུལ་ལིའུ་དབྱང་ནས་ཆིའུ་ཁུའེ་ཡི་སོན་དང་སྦྲང་མ་འཁྱེར་ཡོང་ནས་ཆིའུ་ཁུའེ་འདེབས་སྟངས་དང་སྦྲང་གསོའི་ལག་རྩལ་མང་ཚོགས་ལ་བསླབས་པ་རེད།
     བོད་རིགས་ཞིང་འབྲོག་པ་དང་བརྩེ་བ་ཟབ་མོ་ཆགས་པ།
     བོད་རིགས་ས་ཁུལ་དུ་དམག་སྐུལ་དང་ལེན་ཞུ་བ་དང་དུས་ཐུང་གི་བོད་སྐྱོར་ལས་དོན་ནང་ཞུགས་པ་གང་ཞིག་ཡིན་རུང་། ཝུའུ་གོ་ཆང་བོད་རིགས་མང་ཚོགས་དང་གཅིག་ཏུ་འདྲེས་ནས་ཁོང་ཚོ་དང་བརྩེ་བ་ཟབ་མོ་ཆགས་ཡོད།
     2014ལོའི་ཟླ་7པའི་ཉིན་ཞིག་གི་ཞོགས་པར་ནམ་ལངས་མེད་ནའང་ཝུའུ་གོ་ཆང་ལ་གོང་དཀར་རྫོང་ཞིང་འབྲོག་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་བཀྲ་ཤིས་ཀྱི་ཁ་པར་འབྱོར། ཁ་པར་ནང་བཀྲ་ཤིས་ཀྱིས་ཁོང་ལ་བླ་མདའ་གྲོང་ཚོའི་ཕྱུགས་རིགས་སྨན་པས་ད་ལྟ་ཁ་པར་བརྒྱབ་ནས་གྲོང་ཚོའི་འབྲི་གཡག་མང་པོ་ཤི་འདུག་པས་འཕྲལ་དུ་བལྟ་བར་ཡོང་རོགས་ཞུ་ཡི་འདུག་ཅེས་བཤད།
     བླ་མདའ་གྲོང་ཚོ་རྫོང་གྲོང་དང་ཐག་རིང་བ་མ་ཟད། ད་ལྟ་ལམ་བཟོ་བཞིན་ཡོད་པས་རླངས་འཁོར་འགྲོ་ཐུབ་ཀྱི་མེད། དེས་ན་ཁོང་གིས་རླངས་འཁོར་བླ་མདའ་གྲོང་ཚོ་དང་ཐག་རིང་བའི་ས་ཆ་ཞིག་ཏུ་བཞག་ནས་རྐང་ཐང་མར་སྐྱོད་དགོས་བྱུང་། ལམ་བར་དུ་ཝུའུ་གོ་ཆང་རྐང་པ་ན་བ་དང་། མིད་པ་སྐམ་པ། བྲང་ཁ་ཚ་བ། དབུགས་ཧལ་བ་སོགས་ཀྱི་སྣང་ཚུལ་ཐོན་ཡང་ཁོང་གིས་སྡུག་རུས་བྱས་ལ། རི་སྐེད་དུ་སླེབས་སྐབས་ཁོང་སྣ་ཁྲག་དོན་པ་དང་གསོ་རླུང་མི་འདང་བའི་སྣང་ཚུལ་ཇེ་ལྕིར་ཕྱིན་པ་རེད།
     ངལ་གསོས་ན་ལེགས་སམ་ཡང་ན་མུ་མཐུད་སྐྱོད་ན་ལེགས། མཐར་ཝུའུ་གོ་ཆང་གིས་ཨམ་གཙིགས་བསྡམས་ནས་འབྲོག་ཁུལ་དུ་བསྐྱོད་པ་རེད། སྐབས་དེ་དུས་རི་སྟེང་དུ་ད་དུང་ཁ་བ་འབབ་བཞིན་ཡོད། ངལ་གསོ་ཁོམ་མེད་པར་ལམ་སེང་འབྲི་གཡག་གི་ཁྱུའི་དཀྱིལ་དུ་འཛུལ་ནས་ནད་དཔྱད་སྨན་བཅོས་ཞིབ་ཚགས་བྱས་པ་རེད།
     བོད་རིགས་ས་ཁུལ་དུ་ཝུའུ་གོ་ཆང་གིས“ཧུའུ་ནན་བོད་སྐྱོར་ལས་བྱེད་པའི”གཟུགས་བརྙན་བཟང་པོ་བཏོད་ཅིང་། འབྲོག་པའི་ཁྱིམ་དུ་ཕྱུགས་རིགས་ལ་ནད་ལྟ་སྐབས་ཁོང་གིས་ཉིན་མཚན་གསུམ་བསྟུད་མར་ནད་དཔྱད་སྨན་བཅོས་བྱེད་ལ། སྦྲང་གསོའི་ཐོན་ལས་ཁྱབ་གདལ་གཏོང་སྐབས། ཁོང་གིས་གྲོང་ཚོ་དང་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་ལག་རྩལ་སློབ་པ་དང་། ཞིང་ལས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་སྐབས། ཁོང་གིས་རི་ཀླུང་གང་མང་བརྒལ་ནས་དམངས་ཀྱི་དཀའ་གནད་གང་ཐུབ་ཀྱིས་བསལ་བ་རེད།
     འདི་ལོའི་ཟླ་བདུན་པར་ཝུའུ་གོ་ཆང་ལ“མཐའ་སྐྱོར་མི་སྣ་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང། “ཁོང་དང་འདྲ་བའི་བོད་སྐྱོར་ལས་བྱེད་པ་ཁྲི་སྟོང་གིས་ཚེ་སྲོག་བློས་གཏོང་བྱེད་དགོས་བྱུང་ཡང་ས་མཐོར་ལེགས་སྐྱེས་འབུལ་འདོད་བྱེད་བཞིན་ཡོད་ལ། དེ་ནི་བོད་སྐྱོར་ལས་བྱེད་པའི་འགན་འཁྲིའི་སྙིང་སྟོབས་ཡིན”ཞེས་ཕོང་ཐའོ་ཡིས་བཤད།