འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་30ཉིན།

༄༅༎མཚོ་ཉིན་འདམ་རའི་ལེགས་འགྱུར་ཟིན་ཐོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་30ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚོ་ཉིན་འདམ་ར་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་ཁོངས་སུ་གནས་ཤིང་། དེ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཀན་སུའུ་མཚོ་ཉིན་རྫས་ཚའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཁར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་སྤྲོད་ཁུལ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། འདམ་ར་དང་། ནགས་ཚལ། ན་ཁ་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལས་ཡུལ་དེ་བྱ་རིགས་ཀྱི་ཞིང་ཁམས་ལྟ་བུར་གྱུར་ཅིང་། སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མཆུ་རིང་འཚོ་གནས་བྱེད་བཞིན་ཡོད་པ་རེད།
     སྲུང་སྐྱོང་ཁུལ་དོ་དམ་ཅུས་མཚོ་ཉིན་འདམ་ར་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཧྥན་ལུང་གིས་ལོ་མང་རིང་དེ་གར་ལས་དོན་བསྒྲུབས་ཏེ་མཚོ་ཉིན་འདམ་ར་ཆུང་བ་ནས་ཆེ་བ་དང་ཞན་པ་ནས་ལེགས་པར་གྱུར་པའི་འགྱུར་ལྡོག་དངོས་སུ་མཐོང་།
     ཧྥན་ལུང་གིས་ཕྱུགས་ཟོག་འཚོས་དྲགས་པ་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་ལས་མཚོ་ཉིན་འདམ་རའི་ལྟེ་བའི་ཆ་ཤས་མཚོ་ཉིན་མཚོ་1995ལོ་དང་། 1997ལོ། 2000ལོ་བཅས་ཐེངས་གསུམ་བསྐམས་མྱོང་ཡོད། དེས་མ་ཟད་གནོད་འབུ་དང་ཨ་བྲའི་གནོད་འཚེ་ཚབས་ཆེན་ལས་འདམ་རར་གཏོར་སྐྱོན་ཚབས་ཆེན་ཕོག སྐབས་ཤིག་རིང་གནོད་འབུ་དང་ཨ་བྲས་རྩྭ་ཟོས་ནས་སྐྱེ་རྒྱུ་མེད་པ་དང་རྩྭ་ཐང་ལ་བལྟས་ན་སྔོ་ལྗང་གི་རྩྭ་རྩི་ཏོག་རིག་རྒྱུ་མེད།
     ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མ་དངུལ་གཏོང་ཚད་ཆེ་རུ་བཏང་ནས་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས། དེ་བཞིན་ཆུ་འདྲེན་ལས་གྲྭ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་རྣམ་གྲངས་སོགས་ལག་བསྟར་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་འབུ་དང་ཨ་བྲའི་གནོད་འཚེ་འགོག་བཅོས་བྱས་ཡོད། “‘ནད་ཐོག་སྨན་བཅོས’ལས་མཚོ་ཉིན་འདམ་རའི་གནས་བབ་ལེགས་སུ་ཕྱིན་ཡོད”ཅེས་ཧྥན་ལུང་གིས་བཤད།
     ལོ་མང་པོར་སྲུང་སྐྱོང་དང་བཅོས་སྐྱོང་བྱས་ཏེ་སྲུང་སྐྱོང་བྱེད་ཐབས་ཀྱི་ཕན་འབྲས་ཀྱང་རིམ་གྱིས་མངོན་པ་དང་མཚོ་ཉིན་མཚོའི་རྒྱ་ཁྱོན་ཡང་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། རྩྭ་སའི་ཆུ་རྩ་གསོ་འཁྱོངས་ཁུལ་དང་ས་ཆ་བརྟན་སྲུང་ནུས་པ་ཡང་ཆེ་རུ་ཕྱིན་ནས་ལོ་ལྟར་མཚོ་ཉིན་མཚོའི་དུས་བྱའི་གྲངས་འབོར་མང་དུ་ཕྱིན་ཞིང་། མཚོ་ཉིན་འདམ་རར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་གསར་པ་འབར།
     བསྡོམས་རྩིས་ལས་མངོན་པ་ལྟར་ན། 2018ལོར་མཚོ་ཉིན་མཚོའི་རྒྱ་ཁྱོན་ཆེ་ཤོས་སྤྱི་ཆིང་2580ཟིན་ཡོད། ཧྥན་ལུང་གིས“མིག་གིས་བལྟས་པ་ལྟར་ན། ད་ལོའི་རྒྱ་ཁྱོན་ན་ནིང་ལས་ཆེ་བ་དང་། ཡང་དག་པའི་གྲངས་གཞི་ད་ལོའི་དགུན་ཁར་མཚོ་ངོས་དར་ཆགས་རྗེས་ཚད་ལེན་བྱེད་ཐུབ”ཅེས་ངོ་སྤྲོད་བྱས།
     སྣོད་བཅུད་ལེགས་སུ་སོང་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལའང་གནས་ས་སྔར་བས་ཡག་པོ་ཞིག་བྱུང་། ཉེ་བའི་ལོ་ཤས་རིང་གི་བརྟག་དཔྱད་དང་ལྟ་སྐུལ་ཚད་ལེན་ལས་མངོན་པ་ལྟར་ན། སྲུང་སྐྱོང་ཁུལ་དེའི་ནང་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་315ཡོད་པའི་ནང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་54ཡོད་པ་དང་། ཁུལ་དེར་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ཡང་རིགས་13ཡོད་ཅིང་། དེ་སྔོན་དཔྱད་ཡིག་ཁྲོད་མ་གཏོགས་མཐོང་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་སྲུང་སྐྱོང་ཁུལ་དུ་ཐོན་ཡོད་པ་རེད།
     མི་རིང་བའི་གོང་། ཧྥན་ལུང་དང་ལས་རོགས་ཚོར་ཉེ་འཁོར་མང་ཚོགས་ཀྱི་རོགས་རམ་ཞུ་བའི་ཁ་པར་འབྱོར་ནས་སྲུང་སྐྱོང་ཁུལ་གྱི་འཁྲིས་སུ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཤྭ་བ་ཞིག་ཡོད་པ་མཐོང་། ཞིབ་ལྟ་བྱེད་དུས་དེ་ནི་རྩྭ་ཐང་དུ་ཅུང་ཉུང་བའི་ཁ་ཤྭ་ཞིག་ཡིན་པ་ཤེས་པ་དང་། ཛ་དྲག་རོགས་སྐྱོབ་བྱས་རྗེས་ཁ་ཤྭ་དེ་ཉེན་ཁ་ནས་ཐར།
     ཀན་སུའུ་མཚོ་ཉིན་རྫས་ཚའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥན་ཀྲི་ལན་གྱིས། འདམ་ར་ནི་སའི་གོ་ལའི་མཁལ་མ་ལྟ་བུ་ཡིན་པས་སྲུང་སྐྱོང་ཡག་པོ་བྱས་ཡོད། དེང་སྐབས་འདམ་ར་དང་། ནགས་ཚལ། ན་ཁའི་ཐོན་ཁུངས་སྲུང་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་གང་ལེགས་བསྐྱོད་དགོས་ཞེས་བརྗོད་པ་རེད།