ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལ་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཤི་ལ་ཁེ་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཙུང་ཐུང་ཟུར་པ་ཤི་ལ་ཁེ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་། ཧྥ་རན་སེའི་སྲིད་གཞུང་དང་། མི་དམངས། ཙུང་ཐུང་ཟུར་པ་ཤི་ལ་ཁེའི་ནང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་། ཙུང་ཐུང་ཟུར་པ་ཤི་ལ་ཁེ་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་ཆབ་སྲིད་མཁས་ཅན་དང་འཐབ་ཇུས་མཁས་ཅན་ཞིག་ཡིན་ལ། དེ་བས་ཀྱང་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་རེད། ཁོང་གིས་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཤར་ནུབ་དབར་གྱི་ཤེས་དཔལ་སྤེལ་རེས་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་གི་སྣེ་མང་ཅན་དང་ཕྱོགས་མང་རིང་ལུགས་འབོད་སྐུལ་བྱེད་པ། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཐད་ལེགས་སྐྱེས་ཧ་ཅང་གལ་ཆེན་ཕུལ་ཡོད། ཁོང་སྐུ་གཤེགས་པར་ཧྥ་རན་སེ་དང་ཧྥ་རན་སེའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་པ་མ་ཟད། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཀྱང་མེད་པར་གྱུར་པ་རེད་ཅེས་འཁོད་ཡོད།
ཞི་ཅིན་ཕིང་གིས་ངས་ཀྲུང་ཧྥའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་མ་ཁེ་ལུང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་ཧྥའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥ་རན་སེའི་ཙུང་ལི་ཧྥེ་ལི་ཕུར་ཙུང་ཐུང་ཟུར་པ་ཤི་ལ་ཁེ་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ནས་མྱ་ངན་ཟབ་མོ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
|