འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎“འབྲི་གཡག་འབུམ་རམས་པ”སུང་རེན་ཏེས་བརྗོད་དོན། ཆུ་འགོའི་རྩྭ་ར་བསྲུངས་ཏེ་ཕྱུག་འགྱུར་ལམ་དུ་སྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “འབྲི་གཡག་འབུམ་རམས་པ”སུང་རེན་ཏེ་ནི་ད་ལོ་ལོ་53ཡིན་པ་དང་། ཡུལ་ཤུལ་ཀྲོའུ་ཕྱུགས་རིགས་སྨན་པའི་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་རེད། ཁོང་གིས་འབྲི་ཆུའི་ཆུ་འགོའི་གཞི་རིམ་གྱི་འབྲོག་ཁུལ་དུ་ལོ་30ལྷག་ཙམ་རྒྱལ་ཁབ་རིམ་པའི་སྣོད་བཅུད་འབྲོག་ལས་ཀྱི་ཞིབ་འཇུག་ལས་ལ་གཞོལ། ཁོང་གིས་མི་ཚེ་འདིའི་བསམ་འདུན་ཆེ་ཤོས་ནི་འབྲོག་པའི་འཚོ་བ་བདེ་སྐྱིད་ལྡན་པ་དང་གཙང་གསུམ་ཆུ་འགོའི་རྩྭ་ཁ་ཡག་ཤོས་དེ་བུ་རབས་ཚ་རྒྱུད་ལ་འཇོག་རྒྱུ་དེ་ཡིན་ཞེས་བརྗོད།
     རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔ་ཡི་གྲས་མཚོ་སྔོན་གྱི་འབྲི་གཡག་མགོ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་འབྲི་གཡག་བསྡོམས་འབོར་གྱི་35%ཙམ་བཟུང་ཡོད་པ་དང་། ཡུལ་ཤུལ་གྱི་འབྲི་གཡག་གིས་མཚོ་སྔོན་གྱི་འབྲི་གཡག་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ། མཚོ་སྔོན་གྱི་ཕྱུགས་རིགས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་སུང་རེན་ཏེ་ཡུལ་ཤུལ་ཀྲོའུ་རུ་ལས་བགོས་བརྒྱབ་པ་རེད། སྐབས་དེ་དུས་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་སྣོད་བཅུད་གནད་དོན་ཉིན་རེ་བཞིན་ཚབས་ཆེར་འགྲོ་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་འབྲོག་ལས་འཕེལ་རྒྱས་གཏོང་དཀའ་བ་དང་འབྲོག་པས་ནོར་ལུགས་གསོ་ཚགས་བྱེད་ཚད་ཇེ་མང་དུ་སོང་ཡང་བཤས་གཏོང་ཚད་ཇེ་ཉུང་དུ་འགྲོ་གི་ཡོད་པ་རེད།
     འགལ་ཟླ་དེ་སེལ་བར་ངེས་པར་དུ་འབྲོག་ལས་ཐོན་ཁུངས་ཀྱི་རྩ་བ་ཤེས་རྟོགས་བྱེད་དགོས། ལས་ཀར་ཞུགས་མ་ཐག་པའི་ལོ་ཤས་རིང་། སུང་རེན་ཏེ་རྫ་སྟོད་དང་། ཆུ་དམར་ལེབ། འབྲི་སྟོད་སོགས་རྫོང་ཁག་གི་རི་ཀླུང་ཚང་མར་བསྐྱོད་དེ་རྩྭ་རིགས་འཚོལ་ཞིབ་དང་། རྩྭ་ར་སྐྱེ་འཚར་གྱི་གྲངས་གཞི་ཐོ་འགོད། འབྲི་གཡག་གི་རིཌ་ཐོ་འགོད། ལྕི་བའི་དཔེ་རྣམ་འཚོལ་བསྡུ་བཅས་བྱས་པ་མ་ཟད། འབྲོག་པའི་སེམས་གཏམ་ཡག་པོ་ཉན་ནས་རྨང་གཞིའི་གྲངས་གཞི་རབ་དང་རིམ་པའི་སྟོང་ཆ་གསབ་ཡོད། སུང་རེན་ཏེས་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ཀྱིས་གཟན་རྩྭ་འབོར་ཆེན་འཕྲོ་བརླག་གཏོང་གི་ཡོད་པ་དང་། ནོར་ལུག་རྣམས“དབྱར་ཁ་དང་སྟོན་ཁ་ཤ་ཤེད་རྒྱས་པ་དང་། དགུན་ཁ་དང་དཔྱིད་ཁ་གཟན་རྩྭ་མ་འདང་བར་མང་པོ་ཤི་བའི”ངན་ལམ་རྒྱུན་འཁོར་བྱེད་པ་དང་། མིག་སྔའི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་མགྱོགས་པོ་བཏང་ན། འབྲོག་པ་དང་རྩྭ་ཐང་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཐུབ་པ་ཤེས་རྟོགས་བྱུང་བ་རེད།
     འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སུང་རེན་ཏེས་སྔ་རྗེས་སུ“ཀྲུང་གོའི་མཚོ་བོད་ས་མཐོར་འབྲི་གཡག་འཚོ་བའི་འཚོ་བཅུད་གནས་ཚུལ་གྱི་ཞིབ་འཇུག”དང“ཡུལ་ཤུལ་གྱི་སྣོད་བཅུད་འབྲོག་ལས་ཞིབ་འཇུག་དང་དཔེ་སྟོན”སོགས་ཀྱི་གཙོ་གནད་ཚན་ཞིབ་རྣམ་གྲངས་ལེགས་སྒྲུབ་བྱས་ཡོད། དེ་དང་ཕྱོགས་མཚུངས། ཁོང་གིས་ད་དུང་འབྲི་གཡག་གི་མ་ལག་ཕྱོགས་བསྡུས་ཚོད་ལྟའི་ཞིབ་འཇུག་གསར་སྤེལ་གྱི་དཔེ་སྟོན་ས་ཚིགས་བདམས་ཏེ། ཕྱུགས་རིགས་ཉུང་གཏོང་ལས་འབབ་འཕར་བྱུང་བའི་དོན་དངོས་ལ་བརྟེན་ནས་འབྲོག་པ་ཁག་གཅིག་གི་སྲོལ་རྒྱུན་གྱི་གསོ་ཚགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་སྣེ་ཁྲིད་བྱས་ཡོད།
     ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཤང་སྐྱ་མཆོག་གྲོང་ཚོའི་འབྲོག་དུད་21ཕན་པ་སྔ་ཤེས་ཐོབ་པའི་དུད་ཚང་ལ་གྱུར་ཡོད། “ང་ཚོས་རང་ཉིད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྙམ་ནས་རིགས་གཅིག་མཁས་ཅན་གྱི་ཁ་ལ་རྩ་བ་ནས་ཉན་མེད། ཕྱུགས་རིགས་ཉུང་དུ་གཏོང་དགོས་པའི་སྐད་ཆ་ཐོག་མར་ཐོས་སྐབས། སུས་ཀྱང་གཞོགས་འདེགས་བྱེད་འདོད་མི་འདུག”ཅེས་ཡུལ་མི་ཉི་མ་ཚེ་རིང་གིས་བརྗོད་ཅིང་། ཁོང་གིས་སུང་རེན་ཏེ་ཡིས་ལག་རྩལ་བ་དྲུག་གི་སྣེ་ཁྲིད་དེ་ས་བབ་སྨི་4800ཟིན་པའི་འབྲོག་རར་ཉིན་མང་པོ་བསྡད་སོང་། ཉིན་ལྟར་མཆུ་ཏོ་སྨུག་པོར་གྱུར་ནའང་། ད་དུང་ལས་ལ་བྲེལ་བའི་རྣམ་པ་མཐོང་སྐབས་འབྲོག་དུད་འགའ་ཞིག་གིས་གཞི་ནས་ཡིད་ཆེས་བྱེད་འགོ་བཙུགས། “རིགས་གཅིག་མཁས་ཅན་གྱི་ཁ་ལ་ཉན་ནས་རྩྭ་འདེབས་གཟན་ཆགས་གསབ་པས་ཕྱུགས་རིགས་ཀྱི་མགོ་གྲངས་ཉུང་དུ་སོང་བ་དང་ཤེད་མོ་ཡག་པ། རྩྭ་ཐང་ཉམས་པ་སླར་གསོ་བྱུང་བ་དེ་དག་ད་ཆ་ཡིད་ལ་འཁོར་སྐབས་སེམས་ལ་ཤོད་མི་ཤེས་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བརྗོད།
     ལས་ཀར་ལམ་ལྷོངས་རགས་ཙམ་བྱུང་རྗེས། སུང་རེན་ཏེ་ཡིས་བློ་ཡིད་ཚིམས་ནས་མ་བསྡད་པར་གྲུབ་འབྲས་སྔར་བས་ལེགས་པོ་འཐོབ་ཆེད་ཕྱུགས་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་རྒྱུའི་ངོས་འཛིན་བྱས་ཤིང་། 1997ལོར་སུང་རེན་ཏེས་རང་སྦྱོང་བྱས་ནས་རི་པིན་ཀུང་ཆི་སློབ་ཆེན་དུ་འབྲོག་ལས་ཆེད་ལས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། འབུམ་རམས་པའི་སློབ་གནས་རག་པ་དང་འབྲེལ་འབུམ་རམས་པ་འཕར་མའི་ཞིབ་འཇུག་ལེགས་གྲུབ་བྱུང་ཡོད། རི་པིན་དུ་ལོ་བཅུ་སྡོད་རིང་། ཁོང་གིས་རི་པིན་དང་འཇར་མན་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་དཔྱད་གཞི་མཉམ་སྤྱོད་བྱས་པ་མ་ཟད། ཁོ་ཚོ་གདན་དྲངས་ནས《མཚོ་བོད་ས་མཐོའི་ཤར་རྒྱུད་དུ་འབྲི་གཡག་འཚོས་ནས་རྒྱུན་མཐུད་ཐོན་སྐྱེད་དང་བཟང་སྒྲིག་སྐོར་གྱི་ཞིབ་འཇུག》སོགས་ཚན་ཞིབ་རྣམ་གྲངས་ལེགས་གྲུབ་བྱས་པ་དང་། 2007ལོའི་ཟླ་3པར་གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་རང་རྒྱལ་དུ་ལོག་པ་རེད། 
     ཁྲི་འདུ་རྫོང་སེབ་པ་སྨད་པ་གྲོང་ཚོའི་འབྲི་གཡག་ཚན་ཞིབ་དཔེ་སྟོན་ས་ཚིགས་སུ་འབྲོག་པ་ལྷག་པ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་ཕྱུགས་རའི་ནང་གི“སོ་ཕག”ནག་པོ་དེ་དག་ལ་མཛུབ་མོ་འཛུགས་བཞིན་འདི་ནི་ཀྲན་ཀྲང་སུང་ལགས་རང་རྒྱལ་དུ་ལོག་དུས་ཁྱེར་ཡོང་བའི་ལག་རྟགས་རེད་ཅེས་བརྗོད། “རྒན་ལགས་ཀྱིས་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་སྦྱངས་ཏེ་ས་གནས་འདི་གའི་འབྲི་གཡག་སྐྱེ་འཕེལ་གྱི་ཁྱད་ཆོས་དབྱེ་ཞིབ་དང་། གཟན་རྩྭ་ཁེ་ལས་དང་འབྲེལ་གཏུག་བྱས་པས“སོ་ཕག་སྣོན་པའི”དམིགས་བསལ་གསར་གཏོད་འདི་བྱུང་བ་རེད། སོ་ཕག་ནང་དུ་ཚད་ཉུང་གཞི་རྒྱུ་སྣ་ཚོགས་ལྡན་པས་འབྲོག་དུད་ལ་གཡག་གི་ཤེད་མོ་དང་བཤས་གཏོང་ཚད་མཐོ་རུ་གཏོང་བར་རོགས་རམ་བྱེད་ཐུབ”ཅེས་སུང་རེན་ཏེའི་སློབ་མ་དབྱང་ཡུས་ཝུན་གྱིས་བརྗོད།
     ཐོག་མའི་ཕུགས་འདུན་རིམ་གྱིས་མངོན་འགྱུར་བྱུང་ཞིང་། ལོ་མང་རིང་། སུང་རེན་ཏེ་དང་ཕྱུགས་རིགས་ཚན་རྩལ་མི་སྣའི་འབད་བརྩོན་ཐེངས་མང་འོག ཡུལ་ཤུལ་ཀྲོའུ་ཡིས་ས་མཐོའི་འབྲི་གཡག་གི་འགོ་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་དང་། འབྲི་གཡག་གསོ་ཚགས་ལག་རྩལ། གཟན་སྣོན་ལག་རྩལ། རྒྱུད་སྤེལ་ལག་རྩལ་བཅས་ལྟེ་བའི་ལག་རྩལ་དུ་བྱས་པའི་ས་མཐོའི་འབྲི་གཡག་ནུས་ཆེ་དང་། ཆ་ལག་ཚང་བའི་གསོ་ཚགས་ལག་རྩལ་གྱི་དཔེ་སྟོན་རྟེན་གཞི་10ལྷག་ཙམ་བཙུགས་པ་དང་དཔེ་སྟོན་དུད་ཚང་བརྒྱ་ལྷག་ཙམ་ཟིན་ཡོད། ཁུལ་དབྱེའི་ཕྱུགས་འཚོ་རེས་དང་ཕྱུགས་འཚོ་བྱེད་ཤུགས་ཚོད་ལྟ་བྱེད་པའི་ར་བ་བསྐོར་བས་འབྲོག་པ་དུད་ཚང་ཁྲི་ལྷག་ཙམ་ལ་ཁྱབ་འགྱེད་སྣེ་ཁྲིད་བྱས་ཡོད་པ་རེད།