འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎སྔོ་ཞིང་དྭངས་བའི་རི་ཆུའི་མཛེས་ལྗོངས།

—— མཚོ་སྔོན་གྱིས་ལྗང་མདོག་ནུས་རྒྱུའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོའི་ལོ་མཇུག་བར་མཚོ་སྔོན་གྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་བསྡུར་ཚད་སོ་སོར་86.5%དང་86.2%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། དེའི་ནང་ནུས་རྒྱུ་གསར་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1229ཟིན་ནས་ཆུ་གློག་གི་སྒྲིག་སྦྱོར་འཕྲུལ་འཁོར་ལས་ལྷག་པ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གློག་ཁུངས་ཆེ་གྲས་དང་པོར་གྱུར་ཡོད།
     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཁོངས་ཀྱི་ཐ་ར་ཐང་དུ། ཉི་འོད་ནུས་པའི་གློག་པང་སྔོན་པོ་སྟར་པ་རེ་རེ་ཉི་འོད་འོག་ཏུ་འོད་འཚེར་འཚེར་དུ་སྣང་ལ་ལེ་དབར་དུ་མའི་སར་བཀྲམ་ཞིང་། གློག་འདྲེན་ལྕགས་སྒྲོམ་ཐོག་ཁྲིད་པའི་གློག་སྐུད་སྡོམ་དྲ་ཇི་བཞིན་རྒྱང་རིང་བའི་སར་བསྲིངས་འདུག
     དེ་ག་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྐྲུན་པའི་ཆན་ཝ་ཁྲི་སྟོང་རིམ་པའི་འོད་ཤུགས་གློག་འདོན་གྱི་རྟེན་གཞི་གཉིས་ཀྱི་གྲས་རེད། མཚོ་ལྷོ་ཀྲོའུ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐུའུ་ཤིན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། རྟེན་གཞི་དེར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་450བཏང་ཟིན་པ་དང་། གཅིག་སྡུད་མཉམ་འབྲེལ་གྱི་དྲ་རྒྱའི་འོད་ཤུགས་གློག་འདོན་གྱི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་449.5ཟིན་གྱི་ཡོད་པ་རེད།
     མཚོ་སྔོན་ལ་ཆུ་དང་གློག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་གང་ཞིག ཉི་ནུས་དང་རླུང་ནུས་ཀྱི་ཐོན་ཁུངས་དང་། དེ་བཞིན་རྒྱ་ཁྱོན་ཆེན་པོའི་བྱེ་ཐང་ཅན་གྱི་ས་ཆ་རྒྱ་ཆེན་པོ་ཡོད་པས་ཡུལ་དེར་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། ཡུལ་དེའི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས“ཚོགས་པ་ཆེན་པོས་སྣེ་ཁྲིད་དང་། རྣམ་གྲངས་ཆེན་པོས་འདེགས་སྐྱོར། ཚོམ་འདུས་ཅན་གྱི་འཕེལ་རྒྱས། གླིང་ཁུལ་ཅན་གྱི་འཁུར་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་ནས། འོད་ཤུགས་ཐོན་ལས་གསོ་སྤེལ་དང་གོང་འཕེལ་ཤུགས་ཆེན་གཏོང་འགོ་བཙུགས་པ་རེད།
     དེ་ནས《མཚོ་སྔོན་ཞིང་ཆེན་གྱི་ཉི་འོད་ནུས་པ་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད》དང་། 《མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མའི་རྒྱལ་ཁབ་ཀྱི་དཔེ་སྟོན་ཞིང་ཆེན་གཏོད་པའི་ལག་བསྟར་ཇུས་གཞི》སོགས་ནུས་རྒྱུ་གཙང་མའི་ཐོན་ལས་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད་ཁག་གཅིག་སྔ་རྗེས་སུ་བཏོན་ནས། ཡུལ་དེ་གའི་ནུས་རྒྱུ་གསར་པའི་ཐོན་ལས་“ལོ་གཅིག་ནང་ཆན་ཝ་ས་ཡ་གཅིག”གི་མྱུར་ཚད་ཀྱི་སྒོ་ནས་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་བ་རེད།
     མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོའི་ལོ་མཇུག་བར་མཚོ་སྔོན་གྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་བསྡུར་ཚད་སོ་སོར་86.5%དང་86.2%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། དེའི་ནང་ནུས་རྒྱུ་གསར་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1229ཟིན་ནས་ཆུ་གློག་གི་སྒྲིག་སྦྱོར་འཕྲུལ་འཁོར་ལས་ལྷག་པ་ཡོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་གློག་ཁུངས་ཆེ་གྲས་དང་པོར་གྱུར་ཡོད་པ་རེད།
     དེ་དང་ཆབས་ཅིག མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཤོང་ཚད་ནི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་སྟེ། 2018ལོར་ལོ་ཧྲིལ་པོའི་འོད་འདོར་ཚད་དང་རླུང་འདོར་ཚད་ཆ་སྙོམས་5%ལས་དམའ་བ་ཡོད་པ་དང་། འོད་ཤུགས་གློག་འདོན་གྱི་བེད་སྤྱོད་ཆུ་ཚོད་བསྡུར་གྲངས་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་35%ཡིས་མཐོ་བ་ཡོད་པ་རེད།
     “སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་སླེབས་སྐབས། མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3000ལས་བརྒལ་རྒྱུ་ཡིན་པའི་ནང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1500ལ་སླེབས་རེ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཁྲེ་ཅུན་ཕིང་གིས་བཤད།
     2018ལོའི་ལོ་འགོར་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་རྒྱལ་ཁབ་ཀྱི་དཔེ་སྟོན་ཞིང་ཆེན་བཏོད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མཆན་འགོད་བཀའ་ལན་ཐོབ་ཅིང་། དེར་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ཀྱི་ནུས་རྒྱུ་གཙང་མའི་དམིགས་ཚད་བཏོན་པ་སྟེ། གཞི་རྩའི་ཆར་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྒྲོམ་གཞི་དང་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ཀྱི་ལམ་སྲོལ་གྲུབ་ནས་འོད་ཤུགས་གློག་འདོན་དང་། འོད་དྲོད་གློག་འདོན། རླུང་ཤུགས་གློག་འདོན་བཅས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སོ་སོར་ཆན་ཝ་ཁྲི་1200དང་། ཆན་ཝ་ཁྲི་103 ཆན་ཝ་ཁྲི་710ཟིན་རྒྱུ་ཡིན་པ་རེད།
     རྒྱལ་ནང་གི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེན་པོའི་ལས་སྟེགས་ཐོག་མ་དེ་མཚོ་སྔོན་དུ་བཙུགས་པ་དང་། ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་ལ་ཆེད་དུ་བསྐྲུན་པའི་འཛམ་གླིང་ཐོག་གི་ཆེས་མཐོ་གནོན་གྱི་གློག་འདྲེན་སྐུལ་ལམ་ཐོག་མ་ལས་འགོ་ཚུགས་པ། མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་སྔར་བཞིན་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་དྲོད་ལེན་གཙང་མར་སྐུལ་འདེད་བཏང་ནས་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་གྲོང་ཚོ་དབུལ་པོར་ཁྱབ་ཁར། ནུས་རྒྱུ་དམངས་ཕན་ལས་དམངས་འཚོའི་ཕན་བདེར་ལེགས་བཅོས་ཆེན་པོ་བྱུང་ཡོད། ནུས་རྒྱུ་གསར་པར་བརྟེན་ནས་ལི་གློག་དང་ཚྭ་མཚོ་འཁོར་སྐྱོད་དཔལ་འབྱོར་སོགས་ནུས་རྒྱུ་བསྲི་ཚགས་དང་། ཁོར་ཡུག་སྲུང་སྐྱོང་། དེ་བཞིན་གཙང་སྦྲ་དོད་པའི་ཐོན་སྐྱེད་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བ་དང་། ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས་པ་རེད།