འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎སི་ཁྲོན་དཀར་མཛེས་དང་རྔ་པ་སོགས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་29གཅིག་སྡུད་ལས་འགོ་ཚུགས་པ།

ཁྱོན་མ་དངུལ་སྒོར་དུང་ཕྱུར་1808བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། 2019ལོའི་སི་ཁྲོན་ཞིང་ཆེན་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པའི་སྐུལ་སློང་བྱེད་སྒོ་ཏེ་དབྱང་གྲོང་ཁྱེར་ཅིང་དབྱང་ཆུས་G5ཅིང་ཁུན་མྱུར་བགྲོད་གཞུང་ལམ་ཁྲེང་མན་ལམ་དུམ་རྒྱ་སྐྱེད་ལས་གྲྭའི་ལས་ཡུལ་སུ་འཚོགས་པ་རེད། ད་ཐེངས་གཅིག་སྡུད་ལས་འགོ་ཚུགས་པའི་རྣམ་གྲངས་29ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1808བཏང་བ་དང་། སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་ཁུལ་ཆེན་5དང་། གྲོང་ཁྱེར་ཚོམ་བུ་ཆེན་པོ་4ཡི་གྲོང་ཁྱེར(ཀྲོའུ)11བཅས་དང་འབྲེལ་བ་ཡོད་ལ། ཞིང་ཆེན་དེའི་འགྲིམ་འགྲུལ་གྱི་ཞན་ཆ་སྔར་བས་གསབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་སྲིད།
     ད་ཐེངས་གཅིག་སྡུད་ལས་འགོ་ཚུགས་པའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་8ལས། G0611ལམ་ཐིག་གཅིག་སྒྲིལ་སྨར་ཁམས་མྱུར་བགྲོད་གཞུང་ལམ་དང་། G7611ལམ་ཐིག་གི་ཀྲའོ་ཐུང(སི་ཁྲོན་དང་ཡུན་ནན་གྱི་ས་མཚམས)ནས་ཤི་ཁྲང་ལམ་དུམ་གྱི་མྱུར་བགྲོད་གཞུང་ལམ་སོགས་ཚུད་ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1573བཏང་བ་རེད། 
     དེ་དང་ཆབས་ཅིག ད་ཐེངས་ད་དུང་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་21དང་གསར་བརྗེའི་ཡུལ་སྐོར་གཞུང་ལམ་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་ཤིང་། ཁྱོན་སྤྱི་ལེ་1255ཟིན་ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་235བཏང་ཡོད་པ་རེད། དེའི་ནང་S460ལམ་ཐིག་ལི་ཐང་རྫོང་གྲོང་ནས་འགྲམ་སྣ་ཤང་བར་གྱི་གཞུང་ལམ་སོགས་རྣམ་གྲངས་17ནི་སི་ཁྲོན་དཀར་མཛེས་དང་། རྔ་པ། དེ་བཞིན་ལའང་ཧྲན་བཅས་ཀྲོའུ་གསུམ་གྱི་ཡུལ་སྐོར་གཞུང་ལམ་གལ་ཆེན་དང་དབུལ་སྐྱོར་གཞུང་ལམ་གལ་ཆེན་ཡིན་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་གྱིས་ས་གནས་དེ་གའི་འགྲིམ་འགྲུལ་ཕྱིར་སྐྱོད་ཆ་རྐྱེན་སྔར་བས་ལེགས་སུ་འགྲོ་བ་དང་། “འགྲིམ་འགྲུལ+ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།