འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎པར་ཙིར་གྱི་གྲོང་ཁྱེར་ཁུའུ་ལི་ཏི་པའི་ལོ་གཉིས་རེའི་འགྲེམས་སྟོན་འགོ་ཚུགས་པ་དང་ཀྲུང་གོའི་སྒྱུ་རྩལ་
ཐོན་རྫས་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་གྱི་གྲོང་ཁྱེར་ཁུའུ་ལི་ཏི་པ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པར་ཙིར་གྱི་གྲོང་ཁྱེར་ཁུའུ་ལི་ཏི་པའི་ལོ་གཉིས་རེའི་འགྲེམས་སྟོན་སྐབས་14པ་པར་ཙིར་ལྷོ་རྒྱུད་ཀྱི་པ་ལ་ན་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཁུའུ་ལི་ཏི་པའི་ཨའོ་སི་ཁ·ཉི་མའེ་ཨར་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ནས་སྤྱི་དམངས་ལ་དེང་རབས་ཀྱི་སྒྱུ་རྩལ་ཐོན་རྫས་བརྒྱ་ཕྲག་འགྲེམས་སྟོན་བྱས་པའི་ཁྲོད་ཀྱི་ཀྲུང་གོའི་སྒྱུ་རྩལ་པའི་འགྲེམས་ཞུགས་བརྩམས་ཆོས་ལྟད་མོ་བ་མང་པོའི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།
     ཐེངས་འདིའི་ལོ་གཉིས་རེའི་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི“སྒོ་དབྱེའི་མཐའ་མཚམས”ཞེས་པ་དེ་ཡིན་པ་དང་། འགྲེམས་སྟོན་གྱི་ཇུས་འགོད་པ་ཐེ་ལེ་ཧྲ·ཨ་ལུའུ་ཏ་ཡིས་ཐེངས་འདིའི་ལོ་གཉིས་རེའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྒྱུ་རྩལ་མཁས་ཅན་རྣམས་ཀྱིས་དེང་གི་འཛམ་གླིང་གི་ད་ལྟའི་རྣམ་པར་མཉམ་དུ་དཔྱད་བསྡུར་བྱས་ཏེ“མཐའ་མཚམས”དེ་ལྟ་བུ་སྔར་བས་སྒོ་དབྱེ་བྱས་ནས་རྒྱལ་ཁབ་ཁག་གི་ཕན་ཚུན་སྤེལ་རེས་ལ་ཕན་ཐོགས་པའི་བར་མཐོངས་དང་སྐར་ཁུང་གཏོད་རྒྱུ་དེ་ཡིན་ཞེས་བརྗོད།
     ཐེངས་འདིའི་འགྲེམས་སྟོན་གྱི་གཙོ་གནད་ནི“འབོ་གསེར་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཉམ་འབྲེལ་འགྲེམས་སྟོན”དེ་ཡིན་པ་དང་། དེའི་ནང་ཀྲུང་གོའི་འགྲེམས་སྟོན་དེ་མི་རྣམས་ཀྱི་དོ་སྣང་བྱེད་ཡུལ་གཙོ་བོར་གྱུར་ནས་རྟེན་རྫས་བཤམས་མཛོད་ཁང་ཧྲིལ་པོའི་ལྟད་མོ་བ་མང་ཤོས་ཀྱི་འགྲེམས་སྟོན་ཁང་གི་གྲས་ཤིག་ཏུ་གྱུར་པ་རེད། འགྲེམས་སྟོན་ཁང་དེའི་མིང་ལ“བརྗེ་སྒྱུར་གྱི་གསར་གཏོད། ཀྲུང་གོའི་དེང་རབས་སྒྱུ་རྩལ་གྱི་ཆེད་དོན་འགྲེམས་སྟོན”ཟེར་བ་དང་། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ལྔ་ཡི་རི་མོ་དང་། འཇིམ་བརྐོས། སྒྲིག་ཆས། བརྙན་པར་བཅས་བརྩམས་ཆོས་དྲུག་ལས་ཀྲུང་གོའི་དེང་རབས་སྒྱུ་རྩལ་གྱིས་སྲོལ་རྒྱུན་རིག་གནས་རྩ་བ་བྱས་ཏེ་ཕྱོགས་སྒྱུར་གསར་གཏོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད།