མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཏ་ཆིང་སྣུམ་ཞིང་གསར་རྙེད་ཐུབ་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་27ཉིན། 13:41】  

     མི་དམངས་དྲ་བའི་འཕྲིན། ཏ་ཆིང་སྣུམ་ཞིང་གསར་རྙེད་ཐུབ་ནས་ལོ་ངོ་60འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཏ་ཆིང་སྣུམ་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་དང་ཁོང་ཚོའི་ནང་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་ངོ་60ཡི་གོང་། ཏང་ཀྲུང་དབྱང་གིས་རྡོ་སྣུམ་རྩད་ཞིབ་འཐབ་ཇུས་ཤར་ཕྱོགས་སུ་བསྒྱུར་བའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། རྒྱ་ཆེའི་རྡོ་སྣུམ་དང་ས་གཤིས་ལས་དོན་པས་དཀའ་བ་ཚད་མེད་སྤྱད་དེ་ཏ་ཆིང་སྣུམ་ཞིང་གསར་རྙེད་ཐུབ་ནས། ཀྲུང་གོའི་རྡོ་སྣུམ་གསར་སྤེལ་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་བའི་དོན་སྙིང་ལྡན་པའི་ཤོག་ལྷེ་གཅིག་ཕྱེ་བ་རེད། ལོ་ངོ་60ཡི་རིང་། ཏ་ཆིང་བ་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་ལས་གཏོད་བྱས་པ་དང་གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱས་ནས་གནའ་བོའི་ཐང་རྒོད་དུ་རང་རྒྱལ་གྱི་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ཡོད། ཏ་ཆིང་སྣུམ་ཞིང་གི་གཟེངས་སུ་ཐོན་པའི་ལེགས་སྐྱེས་དེ་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་ཐོག་བརྐོས་ཟིན་པ་དང་། ཏ་ཆིང་གི་སྙིང་སྟོབས་དང་ལྕགས་ལྟ་བུའི་མིའི་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
     ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཏ་ཆིང་སྣུམ་ཞིང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅང་ནས་ཏ་ཆིང་གི་སྙིང་སྟོབས་དང་ལྕགས་ལྟ་བུའི་མིའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། སྒྱུར་བཅོས་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚད་ཤིང་དང་དར་ཆ་ཡག་པོ་བྱེད་པ་དང་ལོ་བརྒྱའི་སྣུམ་ཞིང་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནང་། ཏ་ཆིང་སྣུམ་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། མ་གནས་དམའ་རུ་དང་ལས་ཆོད་ཆེ་རུ་གཏོང་བ། སྣུམ་བརྟན་རླངས་འཕར་དང་ཕྱི་ནང་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་སྣུམ་རླངས་བདེ་འཇགས་བརྟན་པོ་ཡོང་ཆེད་འགན་ལེན་མཁོ་འདོན་བྱེད་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
     ཏ་ཆིང་སྣུམ་ཞིང་གསར་རྙེད་ཐུབ་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚེས་26ཉིན་ཧེ་ལུང་ཅང་གི་ཏ་ཆིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་བྱས་པ་རེད།
     1959ལོའི་ཟླ་9ཚེས་26ཉིན་། སུང་ཅི་སྣུམ་ཁྲོན་གསུམ་པ་ནས་བཟོ་ལས་སྣུམ་དོན་པ་དང་། རྩད་ཞིབ་བརྒྱུད་ཏ་ཆིང་སྣུམ་ཞིང་གསར་རྙེད་ཐུབ་པ་རེད། དེ་རྗེས་རི་ཀླུང་འཁྱུར་མིད་གཏོང་ཐུབ་བ་དང་ཟིལ་རླབས་དགུང་འཕྱུར་གྱི་སྙིང་སྟོབས་ལྡན་པའི་རྡོ་སྣུམ་མཉམ་འཐབ་བརྒྱབ་པ་རེད། ལོ་ངོ་60ཡི་རིང་། ཏ་ཆིང་སྣུམ་ཞིང་གིས་རིམ་རྩིས་བྱས་ན་མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར་23.9ཙམ་ཐོན་སྐྱེད་བྱས་ནས་རང་རྒྱལ་གྱི་དེང་རབས་ཀྱི་རྡོ་སྣུམ་བཟོ་ལས་མ་ལག་འཛུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། ཏ་ཆིང་གི་སྙིང་སྟོབས་དང་ལྕགས་ལྟ་བུའི་མིའི་སྙིང་སྟོབས་གསོ་སྐྱོང་བྱས་ཡོད་པ་རེད།

  
style="display:none;"