འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅༎ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ལེགས་སྐྱེས་འབུལ་བའི་
གཏམ་བརྗོད་ཟློས་གར་ལྷ་སར་ཐོག་མའི་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ལེགས་སྐྱེས་འབུལ་བའི་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》ཞེས་པ་ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཐོག་མའི་འཁྲབ་སྟོན་བྱས་པ་རེད།
     གཏམ་བརྗོད་ཟློས་གར་གྱི་ནང་དོན་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཞིང་བྲན་བཀྲ་ཤིས་དང་དབྱངས་ཅན་གཉིས་དགའ་རོགས་སྒྲིག་པར་གཞིས་ཀའི་བདག་པོ་བསོད་ནམས་སྒྲོལ་མ་དང་སྤྲུལ་སྐུ་རྣམ་སྲས་ཀྱི་བཀག་འགོག་སྣ་ཚོགས་འོག་གཉེན་སྒྲིག་བྱེད་མི་ཐུབ་པས། དབྱངས་ཅན་གྱི་ཁོག་པའི་ནང་གི་ཕྲུ་གུ་དེ“སྐྱེ་མི་ཆོག་པའི་མིར”གྱུར་པ་རེད། ཕྲུ་གུ་སྐྱེས་རྗེས་མགར་བ་སྐལ་བཟང་བཟའ་ཚོ་གཉིས་ཀྱིས་དབྱངས་ཅན་ལས་སྐྱེས་པའི་ཕྲུ་གུ་ནི་རང་ཉིད་ཀྱི་ཕྲུ་གུ་ཡིན་ཞེས་བརྗོད་པས་ཕྲུ་གུ་དེ་གཞི་ནས་ཉེན་ཁ་ལས་ཐར་བ་རེད། དེ་རྗེས་དབྱངས་ཅན་འུ་ཐུག་སྟེ་ཆུར་མཆོང་ནས་རང་ཤི་བརྒྱབ་པ་དང་མགར་བ་སྐལ་བཟང་བྲོས་ཕྱིན་པས། སྐལ་བཟང་གི་བཟའ་ཟླ་ཆོས་སྒྲོན་ལ་ཁྲིམས་ཆད་དྲག་པོ་ཕོག་ནས་གྲོངས་པ་རེད། དུས་དེ་ནས་བཟུང་། བཀྲ་ཤིས་དང་བུ་མོ་གཉིས་དུས་རྒྱུན་དུ་འཕྲད་ཀྱང་ཕ་དང་བུ་མོའི་འབྲེལ་བ་གསང་དགོས་བྱུང་བ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཕ་དང་བུ་མོ་མཉམ་འཛོམས་བྱུང་བ་དང་། བཀྲ་ཤིས་ཀྱི་བུ་མོ་ཉི་མ་ཏང་གི་གསོ་སྐྱོང་འོག་བོད་ཀྱི་སྤྱི་པའི་སློབ་གྲྭའི(བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྔ་མིང)བོད་རིགས་ཀྱི་གཞོན་ནུ་སློབ་མ་ཞིག་ཏུ་གྱུར། སློབ་གྲྭ་ཐོན་རྗེས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པ་མ་ཟད། གངས་ལྗོངས་ས་མཐོའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོའང་བྱས་ཡོད།
     འཁྲབ་ཁྲིད་པ་ཆུང་བདག་གིས“གཏམ་བརྗོད་ཟློས་གར་འདིས་ཞིབ་ཚགས་པའི་ངང་ནང་དོན་སྐྱེད་སྲིང་དང་། བབ་ཆགས་པའི་ཞབས་བྲོ་དང་གློག་འོད་ཀྱི་ཇུས་འགོད་དང་དེ་བཞིན་འཁྲབ་སྟོན་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལས། བཀྲ་ཤིས་ཁྱིམ་ཚང་གི་ཡ་ང་བའི་གནས་ཚུལ་དང་དུས་རབས་ཀྱི་མི་གསར་པ་ཉི་མའི་དཔང་པོ་གང་ལེགས་མངོན་པར་བྱས་ཡོད་པ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་མུན་ནག་ཐེར་འདོན་བྱས་ནས་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་དང་བོད་མི་དམངས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་མི་དམངས་ལ་གཞི་ནས་འོད་ཟེར་ལྡན་པའི་མདུན་ལམ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་གསལ་བཤད་ནུས་ལྡན་བྱས་ཡོད།
     གཏམ་བརྗོད་ཟློས་གར་ལྟས་རྗེས་ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བློ་བཟང་དབང་མོས“གཏམ་བརྗོད་ཟློས་གར་འདི་བལྟས་རྗེས་ངས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོ་ཤེས་བྱུང་། སླད་ཕྱིན་ངས་ངེས་པར་དུ་ཚན་རིག་དང་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཏམ་བརྗོད་ཟློས་གར་དེ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱུན་འཛིན་འཁྲབ་གཞུང་གི་གྲས་ཤིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་60པར་གསར་རྩོམ་བྱས་ནས་འཁྲབ་སྟོན་བྱས་པ་དང་འབྲེལ་གློག་བརྙན《གངས་རིའི་མིག་ཆུ》ཞེས་པར་སྒྲིག་བཟོ་བྱས་པས། རྒྱལ་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ད་རེས་ནི་གཏམ་བརྗོད་ཟློས་གར་དེ་བསྐྱར་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་རྙིང་པའི་གདུག་རྩུབ་དང་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་མི་རྣམས་དུད་འགྲོ་ལས་སྡུག་པའི་ཡ་ང་བའི་འཚོ་བ་སྐྱེལ་བ་ཐེར་འདོན་དང་། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་བདེན་དོན་དེ་གསལ་སྟོན་བྱ་རྒྱུ་ཡིན་པ་རེད།