འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅༎འདོགས་ཁྱིས་བརྗོད་དོན་དུ་བྱས་པའི་སྣུམ་ཚོན་རི་མོའི་འགྲེམས་སྟོན་ཞིག་ལྷ་སར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་24ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎འདོགས་ཁྱིས་བརྗོད་དོན་དུ་བྱས་པའི་སྣུམ་ཚོན་རི་མོའི་འགྲེམས་སྟོན་ཞིག་ལྷ་སར་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། འདོགས་ཁྱི་བརྗོད་དོན་གཙོ་བོར་བྱས་པའི“ལིན་གཡོད་ཀྱི་བོད་ཡུལ་གྱི་སྣུམ་ཚོན་རི་མོའི་སྐོར་སྐྱོད་འགྲེམས་སྟོན”ཉེ་ཆར་བོད་ལྗོངས་ལྷ་སའི་ཤང་རི་ལ་ཨར་ཁང་ཆེན་མོར་གཉེར་བ་རེད། ཡུལ་དངོས་སུ་སི་ཁྲོན་ཞིང་ཆེན་གྱི་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རི་མོ་བ་ལིན་གཡོད་ཀྱི་སྣུམ་ཚོན་རི་མོ་30ཙམ་འགྲེམས་སྟོན་བྱས་པས། དེས་བོད་ལྗོངས་ཀྱི་མཛེས་རྩལ་ལས་རིགས་ཀྱི་མི་སྣ་དང་སྣུམ་ཚོན་རི་མོར་དགའ་པོ་ཡོད་མཁན་མང་པོའི་ཡིད་དབང་བཀུག་ཡོད།
     ལིན་གཡོད་ཀྱིས་ལོ་གཉིས་སྤྱོད་ནས་གསར་རྩོམ་བྱས་པའི་ཆེ་ཆུང་ལ360X220cmཡོད་པའི《གངས་ལྗོངས་ཀྱི་གཟབ་མཆོར་ཆེ་མོ》ནི་འགྲེམས་སྟོན་དེའི་ནང་གི་གསར་རྩོམ་དུས་ཚོད་རིང་ཤོས་ཀྱི་བརྩམས་ཆོས་ཤིག་ཡིན་ལ། དེས་བོད་ཀྱི་ཕུན་སུམ་ཚོགས་པའི་རྒྱན་གོས་རིག་གནས་མཚོན་པར་བྱས་ཡོད། 《ལྟ་སྐྱོང》ནི་ལིན་གཡོད་ཀྱིས་གོ་མྱོང་བའི་བོད་ཡུལ་གྱི་ངག་རྒྱུན་དང་ཁོང་གི་མྱོང་བ་དངོས་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་འདོགས་ཁྱི་ཡིས་འབྲི་གཡག་ལྟ་སྐྱོང་བྱས་ནས་བྱ་རྒོད་ཉེ་སར་བཅར་དུ་མི་འཇུག་པའི་གཏམ་རྒྱུད་བརྗོད་ཡོད།
     བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཐང་ཐེན་ཡོན་གྱིས། ལིན་གཡོད་ཀྱི་རི་མོའི་བརྩམས་ཆོས་ཀྱི་བརྗོད་དོན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་དང་། འདོགས་ཁྱི་བརྒྱུད་མཐོ་སྒང་གི་བརྗིད་ཆགས་ཉམས་དང་ལྡན་པའི་རྣམ་པ་མངོན་པར་བྱས་ཡོད་པས། དེ་སྔའི་རྣམ་པའི་མཚོན་ཚུལ་ལས་བརྒལ་ཐུབ་ཡོད་པའི་ངོས་འཛིན་བྱས་པ་དང་། ཁོང་གིས་འབྱུང་འགྱུར་སི་ཁྲོན་དང་བོད་ལྗོངས་ས་གནས་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་མུ་མཐུད་མཉམ་ལས་བྱས་ནས་གངས་ལྗོངས་ས་མཐོར་གསར་རྩོམ་གྱི་བརྗོད་དོན་གསར་པ་ཐུན་མོང་ཐོག་སྔོག་འདོན་བྱ་རྒྱུའི་རེ་བ་བྱས་པ་རེད།
     ལིན་གཡོད་ཀྱིས“1986ལོར་ང་རང་ས་མཐོར་ཐེངས་དང་པོ་རི་མོ་འཚོལ་བསྡུ་བྱེད་པར་ཡོང་དུས་མིག་མདུན་གྱི་བརྗིད་ཆགས་ཉམས་དང་ལྡན་པའི་རྣམ་པས་ཡིད་དབང་བཀུག་བྱུང་། དུས་དེ་ནས་བཟུང་ངའི་གསར་རྩོམ་གྱི་བརྗོད་དོན་ཚང་མ་ས་མཐོའི་མི་ཆོས་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད། འདོགས་ཁྱིའི་གཏུམ་དྲག་གི་ཕྱི་ཚུལ་དང་། ལྷག་བསམ་དག་པའི་གཤིས་ཀས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། 2003ལོ་ནས་བཟུང་། ངས་གསར་རྩོམ་བྱས་པའི་བརྗོད་དོན་གཙོ་བོ་དེ་མཐོ་སྒང་གི་མི་ཆོས་རིག་གནས་དང་གོམས་སྲོལ་དང་འབྲེལ་བ་དམ་ཟབ་ཡོད། འདོགས་ཁྱིའི་གཏུམ་དྲག་གི་ཕྱི་ཚུལ་དང་། ལྷག་བསམ་དག་པ། བློ་ཁོག་ཆེ་བའི་གཤིས་ཀ་བཅས་ཀྱིས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། 2003ལོ་ནས་བཟུང་། ངས་གསར་རྩོམ་གྱི་བརྗོད་དོན་གཙོ་བོ་དེ་འདོགས་ཁྱི་བྱས་པ་ཡིན”ཞེས་བརྗོད།
     ལིན་གཡོད་ཀྱི་རི་མོའི་བརྩམས་ཆོས་དེ་སྔ་འཛམ་གླིང་གི་རྩེར་སོན་མཛེས་རྩལ་ཁང་ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་དང་། ཕ་རི་སིའི་གོང་མའི་ཕོ་བྲང་ཆེན་མོ། ཨུ་རུ་སུའི་ལེ་པིན་མཛེས་རྩལ་སློབ་གླིང་གི་ཚན་ཞིབ་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་འགྲེམས་སྟོན་བྱེད་མྱོང་། ཁོང་གི་བོད་ཡུལ་གྱི་སྣུམ་མཚོན་རི་མོ་དེ་ལྷ་སར་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་ལ། དེ་རྗེས་ད་དུང་ཡུན་ནན་བདེ་ཆེན་དང་སི་ཁྲོན་ཁྲེང་ཏུའུ་རུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
༄༅༎འདོགས་ཁྱིས་བརྗོད་དོན་དུ་བྱས་པའི་སྣུམ་ཚོན་རི་མོའི་འགྲེམས་སྟོན་ཞིག་ལྷ་སར་སྤེལ་བ།