འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིའི་གྲོས་མིས་བོད་དང་འབྲེལ་བའི་ཁྲིམས་གཞི་འབུལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་
མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཨ་རིའི་གྲོས་མིས་འབུལ་བའི་བོད་དང་འབྲེལ་བའི་ཁྲིམས་གཞིར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ལ་འབྲེལ་ཡོད་ཁྲིམས་གཞིར་སྐུལ་འདེད་གཏོང་མཚམས་བཞག་ནས་བོད་དང་འབྲེལ་བའི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རིའི་གྲོས་མི་ཁག་གཅིག་གིས་ཨ་རིའི་གྲོས་ཁང་འོག་མར“2019ལོའི་བོད་ལྗོངས་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི”ཞེས་པ་འབུལ་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀེང་ཧྲོང་གིས་ཁྲིམས་གཞི་དེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ནས་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ངང་ཐེ་ཇུས་བྱས་པ་དང་། “བོད་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཁོང་གིས“བོད་ཀྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱི་རྒྱལ་གྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག ང་ཚོས་ཨ་རི་ཕྱོགས་ལ་བོད་དང་འབྲེལ་བའི་ཚོར་སྣང་སྐྱེན་པའི་རང་བཞིན་གྱི་གནད་དོན་ལ་ངོས་འཛིན་གསལ་པོ་བྱས་ཏེ་འབྲེལ་ཡོད་ཁྲིམས་གཞིར་སྐུལ་འདེད་གཏོང་མཚམས་འཇོག་དགོས་པ་དང་བོད་དང་འབྲེལ་བའི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།