མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་ཤིན་དབྱང་གྲོང་ཁྱེར་ཤིན་རྫོང་དུ་གནས་པའི་ཨེ་ཡུས་ཝན(ཧོ་པེ་དང་། ཧོ་ནན། ཨན་ཧུའེ)སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་གུས་མཇལ་ཞུས་པ།

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་ཤིན་དབྱང་གྲོང་ཁྱེར་ཤིན་རྫོང་དུ་གནས་པའི་ཨེ་ཡུས་ཝན(ཧོ་པེ་དང་། ཧོ་ནན། ཨན་ཧུའེ)སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་གུས་མཇལ་ཞུས་པ།

     ■ གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཏན་ཏིག་བསྟར་ནས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་འབྲུ་རིགས་ཀྱི་འགྲན་རྩོད་ནུས་པ་དམ་འཛིན་ནན་པོ་བྱེད་པ། ཞིང་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ། སྤུས་ལེགས་ཀྱི་འབྲུ་རིགས་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་ས་ནུས་མཐོར་གཏོང་དམ་འཛིན་ཡག་པོ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། འབྲུ་རིགས་ཀྱི་ཁྲོམ་ར་དང་འཁོར་རྒྱུག་གི་ལས་དོན་ཡག་པོ་སྒྲུབ་པ། ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་གཏོང་རིང་ཞིང་ལས་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་གཏོང་ཆེད་འབད་བརྩོན་ཆེན་པོས་གདོང་ལེན་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཡོན་ས་ཁུལ་དེ་བས་འཕེལ་རྒྱས་ཆེ་བ་ཡོང་ཆེད་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     འབྲས་ལྡན་དུས་སུ་ཀྲུང་ཡོན་ས་གཞི་ཆེ་མོར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་པ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར། ཟླ་9ཚེས་16ནས་ཚེས་18ཉིན་བར་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཧྲེང་ཀྲང་ཁྲེན་རུན་ཨེར་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཤིན་དབྱང་དང་ཀྲེང་ཀྲོའུ་སོགས་སུ་ཕེབས་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། གྲོང་གསེབ། ཁེ་ལས་སོགས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་རྟོག་ཞིབ་གནང་བ་རེད།
     ཏ་པེ་རི་ཁུལ་གྱི་ཤིན་དབྱང་གྲོང་ཁྱེར་ཤིན་རྫོང་ནི་ཨེ་ཡུས་ཝན(ཧོ་པེ་དང་། ཧོ་ནན། ཨན་ཧུའེ)སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་གྲོང་ཁྱེར་གནས་ཡུལ་ཡིན་ཞིང་། ཚེས་16ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་དང་ཐོག་ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་ལ་གུས་མཇལ་ཞུས་པ་དང་དཔའ་བོའི་རི་བོར“དར་དམར་ལྷབ་ལྷུབ་ཏུ་གཡོ་བའི”བརྗོད་དོན་གཙོ་བོའི་འཇིམ་བརྙན་ལ་རྒྱང་གཟིགས་གནང་བ་རེད། དྲན་གསོའི་རྡོ་རིང་མདུན་དུ་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་གནང་བ་དང་འབྲེལ་གུས་འདུད་ལན་གསུམ་ཞུས་ཏེ་གསར་བརྗེར་རྒྱལ་ཁ་ལེན་ཆེད་རྩ་ཆེའི་ལུས་སྲོག་སྐྱེས་སུ་འབུལ་མཁན་བུ་ཕྲུག་དཔའ་བོར་བརྩེ་བ་ཟབ་མོས་དྲན་གསོ་ཞུས་གནང་བ་རེད། དྲན་གསོ་ཁང་ནང་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ངོ་སྤྲོད་གསན་པ་དང་ཁོང་ཚོས་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་གིས་ད་ཐེངས་རྟོག་ཞིབ་བྱེད་པའི་ས་ཚིགས་དང་པོ་ནི་ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡིན་པ་དེའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་ཆེད་ཡིན། ངས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་རྟོག་ཞིབ་བྱེད་རིམ་བཞིན་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་དུ་གུས་མཇལ་ཞུས་ཏེ་ཏང་ཡོངས་ཀྱི་བློ་མཐུན་ལ་གསར་བརྗེའི་སྲིད་དབང་ཇི་ལྟར་བྱས་ཏེ་ཐོབ་པ་དང་། ཀྲུང་གོ་གསར་པ་ཇི་ལྟར་བྱས་ཏེ་བྱུང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་བྱས་ཏེ་བྱུང་བ་བཅས་བརྗེད་མི་རུང་བའི་བསླབ་བྱ་རྒྱག་ཆེད་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྔོན་བྱོན་པ་ཚོས་གསར་གཏོད་བྱས་པའི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ལུགས་གསལ་བསྒྲགས་བྱ་ཆེད་ཡིན་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་གནས་ཀྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་གསར་བརྗེའི་ལོ་རྒྱུས་མཁྱེན་རྟོགས་གནང་བ་རེད། ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ས་ཞིང་གསར་བརྗེའི་དམག་འཁྲུག་དུས་སྐབས་སུ་འགོ་ཁྲིད་དེ་གསར་སྐྲུན་བྱས་པའི་རྟེན་གཞིའི་ཁུལ་གྱི་གྲས་ཤིག་ཡིན་པ་དང་དེ་ནི་ཀྲུང་དབྱང་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་རྗེས་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་ཆེན་པོ་གཉིས་པ་དེ་ཡིན་ཞིང་། དམར་དམག་གི་གཙོ་ཤུགས་མང་པོ་ཞིག་ཐོན་པ་དང་། ལོ་28རིང་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ངོ་མཚར་བཏོད་པ་རེད། བཅིངས་འགྲོལ་དམག་འཁྲུག་དུས་སྐབས་སུ་དེ་གར་ལིའུ་ཏེང་གཉིས་ཀྱིས་སྣེ་ཁྲིད་པའི་དཔུང་ཆེན་གྱིས་ལེ་དབར་སྟོང་གི་ས་ནས་ཏ་པེ་རི་བོར་དཔུང་སྐྱོད་བྱེད་པའི་རྐང་པ་ཚུགས་ས་ཞིག་རེད། རྟེན་རྫས་བཤམས་མཛོད་ཁང་དུ་རྩ་ཆེའི་གསར་བརྗེའི་རིག་དངོས་མང་པོ་བཤམས་སྟོན་བྱས་ཡོད་ཅིང་། ཞི་ཅིན་ཕིང་གིས་ཕེབས་ཀྱིན་གཟིགས་ཀྱིན་ཚང་མ་དང་སྤེལ་རེས་ཡང་ཡང་གནང་བ་དང་སྤྱིར་བཏང་མིན་པའི་ལོ་ཟླར་རྗེས་དྲན་གནང་། ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་མང་ཙམ་སྦྱངས་ཏེ་རང་རྟོགས་ངང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་ལེན་ཞུ་བ་དང་རྟག་ཏུ་ཤེས་བྱ་གསར་པ་སྦྱངས་ནས་གོ་བ་ཟམ་མི་ཆད་པར་བླངས་ཏེ་ཕུགས་བསམ་དད་སེམས་སྲ་བརྟན་དང་རིམ་སྤོར་བྱེད་དགོས། གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། ཏང་གི་ལོ་རྒྱུས་ཁང་། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གསར་བརྗེའི་གཞི་རྒྱུའི་མཛོད་རེད། ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། རྟེན་གཞིའི་ཁུལ་རྙིང་པའི་གཏམ་རྒྱུད་ཡག་པོ་ཤོད་པ། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ་གསར་བརྗེའི་རི་ཀླུང་ནམ་ཡང་ངོ་བོ་མི་འགྱུར་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     གཟིགས་སྐོར་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་རའི་ནང་ཕེབས་ནས་ཡུལ་དེའི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི་དང་མཇལ་འཕྲད་གནང་སྟེ་ཚང་མ་དང་རེ་རེ་བཞིན་ཕྱག་བཏང་གནང་ནས་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་སེམས་འགུལ་ཆེན་པོས་དེ་རིང་ངས་ཆེད་མངགས་ཚང་མར་ལྟ་བར་ཡོང་ནས་ཚང་མ་དང་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་དམར་དམག་གི་རྗེས་རབས་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་གི་ཡིན། ཆུ་འཐུང་དུས་ཆུ་འགོ་དྲན་དགོས་པ་ལྟར་ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་གཏན་ནས་བརྗེད་མི་རུང་བ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་གཏན་ནས་མི་བརྗེད་པར་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་འདི་ཉིད་དེ་བས་འཛུགས་སྐྲུན་ཡག་པོ་བྱས་ཏེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་དེ་བས་ཡག་པ་ཡོང་བ་བྱེད་དགོས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་ས་ཁུལ་དབུལ་པོའི་ལས་དོན་ཡག་པོ་བསྒྲུབས་ཏེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་གནས་བཟོད་བདེ་པོ་ཡོང་བ་བྱེད་དགོས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཐད་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིར་གོ་སྐོན་བློ་འགུག་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ལྡན་པས་སྔོན་བྱོན་པ་ཚོའི་དཔའ་བོའི་གཏམ་རྒྱུད་ཚང་མར་ཤོད་པ་དང་གཞོན་ནུ་ཚོར་བཤད་དེ་མི་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་སྐབས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་ཇི་འདྲ་ཡོད་དམ། དོན་དེ་ཐུགས་ལ་བཅངས་ནས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཤིན་རྫོང་ཐན་ཕུའུ་ཤང་ཐན་ཕུའུ་ཁུག་ཆེན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྲོང་ཚོ་ཞིག་ཡིན་པ་དང་རྒྱབ་ཏུ་རི་དང་མདུན་ལ་ཆུ་ཡོད་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ལ་ཀྲུང་ཡོན་ས་ཁུལ་གྱི་རིག་གནས་དང་། ཁྲུའུ་རྒྱལ་རབས་ཀྱི་རིག་གནས། ཧུའེ་ཤོག་ཁག་གི་རིག་གནས་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ཡོད། ད་ཕན་ལོ་ཤས་རིང་གྲོང་ཚོ་དེས་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མངོན་འགྱུར་བའི་ཚོང་ཁང་ཆུང་ཆུང་20ལྷག་ཙམ་འཕེལ་རྒྱས་བཏང་སྟེ་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཞི་ཅིན་ཕིང་གིས་གྲོང་ཚོའི་ལམ་ཆུང་བརྒྱུད་མངོན་འགྱུར་བའི་ཚོང་ཁང་ཆུང་ཆུང་ཞིག་ཏུ་ཕེབས་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་བྲིན་ལམ་དང་། ཞག་སྡོད་བྱེད་ཚད། ཙག་ཙིག་ཚོང་ཁང་གཉེར་སྐྱོང་གི་གནས་ཚུལ་སོགས་བཀའ་འདྲི་གནང་། ཁོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བཤིག་སྤོ་དང་འཛུགས་སྐྲུན་ཆེན་པོ་མི་བྱེད་པར་ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་སྣེ་ཁྲིད་ཀྱིས་སྲོལ་རྒྱུན་གྱི་གྲོང་ཚོ་དེ་དག་སྒྱུར་བཀོད་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཕ་ཁྱིམ་ཞེས་པའི་དམངས་ཁྲོད་ཞག་སྡོད་ཁང་དུ་ཞི་ཅིན་ཕིང་གིས་ཞབས་ཞུའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་སྟེ་ཁང་དེའི་སྦྱིན་བདག་ཧན་ཀོང་ཡིང་གི་ནང་མི་དང་ལྷན་དུ་བཞུགས་ནས་གླེང་མོལ་གནང་། ཧན་ཀོང་ཡིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ཁོང་ནི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མི་ཡིན། ད་ཕན་ལོ་ཤས་རིང་། གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་བྱུང་བ་མ་ཟད། ད་དུང་ཡུལ་མི་ཚོའི་སྣེ་ཁྲིད་དེ་མང་ཚོགས་ཞག་སྡོད་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་བྱུང་ཞེས་ཞུས་པར་ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་དང་ལྗང་མདོག་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་བ་དེ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་ཐབས་ཡག་པོ་ཞིག་རེད་ཅེས་བསྟན་གནང་ཡོད།
     གྲོང་ཚོ་ནས་ཞལ་གྱེས་སྐབས་ཡུལ་མི་ཚོ་དང་ཡུལ་སྐོར་བ་ཚོས་གྲོང་ཚོའི་མདའ་རུ་མཉམ་དུ་འཛོམས་ཏེ“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”“ཞི་ཀྲུའུ་ཞི་སྐུ་ཁམས་བཟང”ཞེས་སྐད་གསང་མཐོན་པོས་དགའ་འབོད་བྱས་པར་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཚང་མར་ཕྱག་གཡུག་གཡུག་གནང་། མི་ཚོགས་ཁྲོད་ཀྱི་སློབ་ཆུང་སློབ་མ་ཚོ་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོས་མདུན་དུ་ཕེབས་ནས་ཁོང་ཚོའི་ལག་ཆུང་ནས་འཇུས་ཏེ་ངོ་གདོང་ལ་བྱིལ་བྱིལ་གནང་ཐོག་ཁོང་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ཕྱོགས་ཡོངས་གོང་འཕེལ་ཡོང་བ་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།
     ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་དེ་ཏ་པེ་ཧྲན་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གནས་པ་དང་། དེ་ནི་ཀྲུང་དབྱང་གཞུང་དོན་ཐིང་གི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་ཞིག་རེད། ཚེས་17ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཀོང་ཧྲན་རྫོང་ཧོའེ་ཏན་ཤང་སི་མ་ཀོང་སྣུམ་ལྡན་ཇ་ཤིང་ར་བར་རྟོག་ཞིབ་གནང་བར་ཕེབས། སྣུམ་ལྡན་ཇ་ཤིང་ར་བའི་འགྲེམས་ཁང་དུ་ཞི་ཅིན་ཕིང་གིས་ཀོང་ཧྲན་རྫོང་གིས་སྣུམ་ལྡན་ཇ་ཤིང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆར་པ་སིམ་སིམ་བབས་པས་སྣུམ་ལྡན་ཇ་ཤིང་ར་བའི་རྣམ་པ་སྔར་བས་སྔོ་ཞིང་ལྗང་བར་གྱུར། ཞི་ཅིན་ཕིང་གིས་ངལ་རྩོལ་བྱེད་བཞིན་པའི་གྲོང་མི་དང་དོ་དམ་པ་དང་སྤེལ་རེས་གནང་སྟེ་ས་གནས་ས་ཐོག་ཏུ་སྣུམ་ལྡན་ཇ་ཤིང་འདེབས་འཛུགས་དང་འབྲས་བུ་བཏགས་ཚུལ་ལ་གཟིགས་གནང་ནས་ཡུལ་མི་སྤུན་ཟླ་ཚོའི་ཁྱིམ་ཚང་དང་། ཕྱིར་གླ་པར་སྐྱོད་པ། ཡོང་འབབ་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་སྣུམ་ལྡན་ཇ་ཤིང་འདེབས་འཛུགས་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དུད་ཚང་དབུལ་པོ་དབུལ་སྒྲོལ་བྱུང་ནས་གྲོང་མི་རྣམས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད་ཅེས་ཞུས། ཞི་ཅིན་ཕིང་གིས་ཐང་རྒོད་སྤྱད་དེ་སྣུམ་ལྡན་ཇ་ཤིང་འདེབས་འཛུགས་ཁྱབ་གདལ་བཏང་བས་མང་ཚོགས་ཐག་ཉེ་སར་ལས་ཞུགས་བྱ་རྒྱུར་སྐུལ་འདེད་ཐུབ་པ་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་གཅིག་གོ་ཉིས་ཆོད་བྱུང་ཡོད། ཞིང་པ་སྒྲིག་འཛུགས་བྱས་ཏེ་ཁྲོམ་རར་ཕྱོགས་ནས“ཀུང་སི་དང་ཞིང་དུད་ཟུང་དུ་སྦྲེལ་སྟངས”ཁྱབ་གདལ་གཏོང་བ་དང་ཁེ་ཕན་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་ཕྱོགས་ཁག་ཚང་མར་ཕན་པ་ཐོབ་པ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ་དང་། ལས་སྣོན་ཞིབ་ཚགས་བྱ་རྒྱུ་འཕེལ་རྒྱས་བཏང་སྟེ་སྣུམ་ལྡན་ཇ་ཤིང་ཐོན་ལས་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་། ཞིང་པར་འབབ་འཕར། སྣོད་བཅུད་བཟང་པོ་བཅས་ཡོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཀོང་ཧྲན་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པའི་ཝུན་ཧྲུའུ་ཤང་ཏུང་ཡུའེ་གྲོང་ཚོར་ཕེབས་པ་རེད། གྲོང་ཚོ་དེར་དང་ཐོག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་145དང་མི་585ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་2018ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་ཡོད། ཞི་ཅིན་ཕིང་གྲོང་ཚོའི་རིག་གནས་སྣེ་ལེན་ལྟེ་གནས་སུ་ཕེབས་ནས་ཀོང་ཧྲན་རྫོང་གི་དབུལ་སྒྲོལ་ལས་དོན་དང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཀོང་ཧྲན་རྫོང་དུ་དབུལ་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། ལོ་དེ་དག་རིང་། ཏུང་ཡུའེ་གྲོང་ཚོས་མཚར་སྡུག་བཀྲ་བའི་ཞིང་ར་ཞེས་པའི་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གྲོང་ཚོའི་དྲ་ཐོག་ཚོང་ཁང་གི་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་གྲོང་ཚོའི་ཞིང་ཞོར་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས་འབྲས་བཙོས་མ་དང་། ཟླ་མཆོད་བག་ལེབ། བྱ་གག་སྒོ་ང་བསྙལ་མ། ཕག་ནག་ཤ་བསྙལ་མ། ཞོག་དམར་ཕྱེ་ཐག འབྲས་ཆང་མངར་མོ་སོགས“ཀོང་ཧྲན་གྱི་ནོར་བུ་བཅུ”དང་ཀོང་ཧྲན་གྱི་བྱ་སྤུའི་གྱོན་གོས་སོགས་ཁྱད་ལྡན་ཐོན་རྫས་ལ་གཟིགས་ནས་ཐོན་རྫས་ཀྱི་ཁྲོམ་རའི་ཚོང་ལམ་དང་གྲོང་མིའི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་ཡངས་སུ་བཏང་སྟེ་ཞིང་པའི་ཡོང་འབབ་མང་དུ་གཏོང་དགོས། གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་། རྒྱས་སྤྲོས་ཆེ་བའི་ཐུམ་སྒྲིལ་བཀག་འགོག་བྱས་ནས་འཕྲོ་བརླག་མི་འགྲོ་བ་དང་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཀོང་ཧྲན་རྔ་རྡུང་ཟློས་གར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་ཡོད། རྔ་རྡུང་ཟློས་གར་གྱི་འཁྲབ་སྟོན་པ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་ས་གནས་ས་ཐོག་ཏུ་རྔ་རྡུང་ཟློས་གར་དུམ་བུ་ཞིག་འཁྲབ་སྟོན་སྤྱན་འབུལ་ཞུས་པས། མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་ཡང་ཡང་བརྡབ།
     ཞི་ཅིན་ཕིང་གིས་ཀྲུང་དབྱང་གཞུང་དོན་ཐིང་ནས་ཀོང་ཧྲན་རྫོང་དུ་གནས་སྦྱར་དབུལ་སྐྱོར་དུ་མངགས་པའི་བློ་མཐུན་ལ་མཇལ་འཕྲད་གནང་བ་མ་ཟད། ས་གནས་དེ་གའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཀོང་ཧྲན་རྫོང་འདི་ལོ་རྫོང་དབུལ་པོའི་རིམ་པ་ནས་གྲོལ་ཏེ་དབུལ་ཞྭ་ཕུད་པས་འགག་སྒྲོལ་གྱི་སྙིང་སྟོབས་ལྷོད་གཡེང་གཏོང་མི་རུང་ཞེས་གསུངས།
     ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཀྲེང་ཀྲོའུ་སོལ་གཏེར་འཕྲུལ་ཆས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཁོང་གིས་བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་ཡིན་པ་དང་། དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་འཕེལ་རྒྱས་ཀྱི་མ་རྩ་དང་། འབྱུང་འགྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་ལེགས་ཆ་གཏོད་པའི་འདེགས་སྐྱོར་གལ་ཆེན་རེད། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་རྩེར་སོན་བཟོ་སྐྲུན་དང་རིག་ནུས་བཟོ་སྐྲུན་འཕེལ་རྒྱས་བཏང་སྟེ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་འབོར་ཚད་ཆེན་པོ་ནས་སྤུས་ཚད་མཐོ་པོའི་བར་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་རྨ་ཆུའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་འགྲེམས་ཁང་དུ་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྟེ་རྨ་ཆུ་རྒྱུག་ཁུལ་དུ་ཤེས་དཔལ་འཕེལ་རྒྱས་དང་། ཆུ་སྐྱོན་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལོ་རྒྱུས་འཕོ་འགྱུར་ལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ཕེབས་འཕྲོ་ཡང་ཡང་བཞག་ནས་སྒྲིག་གཤོམ་བྱས་པའི་རིག་དངོས་ཀྱི་མ་དཔེ་དང་། ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ། པར་རིས་དང་དཔེ་རིས་བཅས་ལ་གཟིགས་ནས་འབྲེལ་ཡོད་གནད་དོན་སྐོར་ལ་ཚང་མ་དང་གྲོས་བསྡུར་སྤེལ་རེས་གནང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་རྨ་ཆུའི་ཆུ་སྐྱོན་གྱི་འཐབ་རྩོད་ཁྲོད་དུ་དཔའ་ངར་ཞུམ་མེད་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་པའི་འབད་འཐབ་ཀྱི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་རྨ་ཆུའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ལིན་ཧོ་ཐང་ཆེན་དུ་ཕེབས་ཤིང་། རྨ་ཆུའི་འགྲམ་ངོགས་སུ་ཞབས་ཐང་མར་ཕེབས་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་གཟིགས་པ་དང་རྨ་ཆུའི་འགྲམ་ངོགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་། ཆུའི་ཐོན་ཁུངས་བེད་སྤྱོད། ཆུ་རགས་འཛུགས་སྐྲུན། ཆུ་ལོག་སྔོན་འགོག་བཅས་ཀྱི་གནས་ཚུལ་གསན་པ་རེད། ལིན་ཧོ་ཐང་ཆེན་གྱི་ལྗོངས་གཟིགས་སྟེང་ནས་ཞི་ཅིན་ཕིང་གིས་རྨ་ཆུའི་ཀྲེང་ཀྲོའུ་དུམ་བུར་རྒྱང་གཟིགས་གནང་བ་དང་། གནམ་དྭངས་ཤིང་ཆུ་མོ་ཁ་ཞེང་ཆེ་ལ། ནགས་ཚལ་དང་རྩྭ་ཐང་སྟུག་པས་གང་སར་གསོན་ཉམས་ཀྱིས་ཁེངས་ཡོད།
     ཚེས་18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་སེང་གསན་ནས་ཧོ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་དུས་བབ་ཡག་པོ་ཡོད། འོན་ཀྱང་། རྒྱལ་སྤྱིའི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་རང་རྒྱལ་འཕེལ་རྒྱས་ལ་ཉེན་ཁའི་འགྲན་སློང་གསར་པ་འཕྲད་པས། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། ཧོ་ནན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་ཡིད་ཆེས་བརྟན་དུ་གཏོང་བ་དང་དཀའ་སྤྱད་ལས་སྒྲུབ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུས་ཏེ་ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་དེ་བས་ཆེ་བ་ཧུར་ཐག་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཞིང་ཆེན་གྱི་དོན་དངོས་ལ་གཞི་བཙུགས་ཏེ། དགེ་སྤེལ་སྐྱོན་སྤང་གིས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་ལ་བརྩི་བ་དང་། གསར་གཏོད་དེ་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མི་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཐོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་དང་མཐོ་ས་མགྱོགས་མྱུར་བསྐྲུན་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གང་མགྱོགས་འཛུགས་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཏན་ཏིག་བསྟར་ནས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་ཧུར་ཐག་གཏོང་བ་དང་། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་འབྲུ་རིགས་ཀྱི་འགྲན་རྩོད་ནུས་པ་དམ་འཛིན་ནན་པོ་བྱེད་པ། ཞིང་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ། སྤུས་ལེགས་ཀྱི་འབྲུ་རིགས་འདུ་འགོད་ལ་སྐུལ་མ་གཏིང་ཟབ་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་ས་ནུས་མཐོར་གཏོང་དམ་འཛིན་ཡག་པོ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་པོ་གཏོང་བ། འབྲུ་རིགས་ཀྱི་ཁྲོམ་ར་དང་འཁོར་རྒྱུག་གི་ལས་དོན་ཡག་པོ་སྒྲུབ་པ། ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་གཏོང་རིང་ཞིང་ལས་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འབྱུང་རྩ་ནས་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་རིམ་སྤོར་ལེགས་སྒྲིག་ལ་མུ་མཐུད་སྐུལ་མ་བཏང་སྟེ་གནོད་མེད་དང་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཅིག་ཧུར་ཐག་བཏོད་དེ་གནམ་སྔོན་པོ་དང་། ཆུ་དྭངས་བ། ས་གཙང་བ་བཅས་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། རི་བོ་དང་། ཆུ་བོ། ནགས་ཚལ། ས་ཞིང་། མཚོ་མཚེའུ། རྩྭ་ཐང་བཅས་སྲུང་སྐྱོང་བྱེད་པའི་མ་ལག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྨ་ཆུའི་འགྲམ་གྱི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་རང་བྱུང་སྣོད་བཅུད་མ་ལག་གི་སྤུས་ཚད་དང་སྲ་བརྟན་ཡོང་ཚད་གོང་མཐོར་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དགོས་མཁོ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་དགོས། “རི་བོ་གསུམ་དང་གྲམ་ཐང་གཅིག”དང་། ལྷག་པར་དུ་ཏ་པེ་ཧྲན་རི་བོའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ཏེ། འགག་སྒྲོལ་ཡོང་བ་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཡོང་བ་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་གཏོད་པ། དྲ་བའི་ནང་དོན་གཏོད་རྒྱུར་སྔར་བས་གཙིགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་དྲ་བའི་བར་མཐོངས་ནང་དྲང་བདེན་གྱིས་ཁེངས་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་མཇུག་འགྲིལ་བ་དང་། ཁག་གཉིས་པ་འགོ་བཙུགས་མ་ཐག་ཡིན། རིམ་ཁག་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམ་འཛིན་ཡག་པོ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དམའ་རིམ་དུ་སྤེལ་བ་དང་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཡུས་ཝན་སུའུ་ཝེ་ཨེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ནི་རང་རེའི་ཏང་གི་ཏང་འཛུགས་སྐྱོང་གི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་དེ་གར་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དང་། དར་དམར་ཆུ་ཡུར་གྱི་སྙིང་སྟོབས། ཏ་པེ་ཧྲན་རི་བོའི་སྙིང་སྟོབས་སོགས་ཡོད་པ་ཚང་མ་ནི་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ཧོའེ་ཏེན་ཤང་སི་མཱ་ཀོང་སྣུམ་ལྡན་ཇ་ཤིང་ར་བར་ཕེབས་ནས་ལས་ཀ་བྱེད་བཞིན་པའི་ཡུལ་མི་དང་དོ་དམ་པ་དང་གླེང་མོལ་གནང་བཞིན་པ།
ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ཧོའེ་ཏེན་ཤང་སི་མཱ་ཀོང་སྣུམ་ལྡན་ཇ་ཤིང་ར་བར་ཕེབས་ནས་ལས་ཀ་བྱེད་བཞིན་པའི་ཡུལ་མི་དང་དོ་དམ་པ་དང་གླེང་མོལ་གནང་བཞིན་པ།

  
style="display:none;"